སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་སྤྲད་འདུག

2013_5_31

སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་ཟླ་འདིའི་ཕྱི་ཚེས་༣༠ ཉིན་མ་སུ་རིའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་ཕུལ་བ་དང་འབྲེལ་སྲིད་སྐྱོང་བློ་བཟང་སེང་གེས་འཚམས་འདྲིའི་ཐུག་འཕྲད་དང་། དེ་བཞིན་ཉིན་དེར་ཤེས་རིག་ལས་ཁུངས་ཀྱིས་དགའ་ལྡན་ཕོ་བྲང་གཟེངས་བསྟོད་སློབ་ཡོན་བྱ་དགའ་ཐོབ་མཁན་དག་གསལ་བསྒྲགས་གནང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ AISSCEགྲུབ་འབྲས་དེ་གསལ་བསྒྲགས་གནང་བའི་ནང་ལོ་འདིའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། མ་སུ་རི་བོད་ཁྱིམ་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱིས་སྒྱུ་རྩལ་སྡེ་ཚན་ནང་བརྒྱ་ཆ་༩༥།༤ བླངས་ཏེ། ད་བར་བཙན་བྱོལ་བོད་རིགས་སློབ་མའི་ཁྲོད་ཨང་རིམ་མཐོ་ཤོས་ཆགས་ཡོད་པ་མ་ཟད། ཉེ་ཆར་གསར་བཏོད་གནང་བའི་‘སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་ཡང་ཁོ་མོར་ཐོབ་ཡོད་པར་བརྟེན། ཕྱི་ཚེས་༣༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཁོ་མོར་ཐུག་འཕྲད་གནང་སྟེ་ལོ་འདིའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེར་སོན་བྱུང་བར་བསྔགས་བརྗོད་དང་འཚམས་འདྲི་གནང་ཡོད་པ་མ་ཟད། ཉིན་དེར་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེདངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས། སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས་བཅས་ཀྱིས། སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།

2013_5_31ཤེས་རིག་ལས་ཁུངས་ནས་ཉེ་ལམ་གསར་གཏོད་གནང་བའི་སྲིད་སྐྱོང་སློབ་ཡོན་ལེན་མཁན་ཐོག་མ་དེ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛོན་ཆོས་སྐྱིད་ལགས་ཆགས་ཡོད་པ་དང༌། ཁོང་ནས་འདི་ལོ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཕྱོགས་བསྡོམས་བརྒྱ་ཆ་༩༥ ལྷག་ལེན་ཐུབ་པ་བྱུང་ཡོད། སློབ་ཡོན་དེ་བཞིན་སློབ་མ་རྣམས་ཀྱི་ཤེས་ཡོན་ཐད་བློ་སྤོབས་སྤར་ཐབས་དང་འབྲེལ་འབད་འབུངས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། དེ་རིང་དཔལ་ལྡན་སྲིད་སྐྱོང་ཌོག་ཊར་བློ་བཟང་སེང་གེ་མཆོག་ནས་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ་འཚམས་འདྲི་དང་ཐུག་འཕྲད་གནང་ཡོད། འཛིན་རིམ་བཅུ་གཉིས་ཅན་གྱི་བོད་པའི་སློབ་ཁག་བཅུ་དྲུག་གི་སློབ་མ་ ༡༦༡༦ ནས་རྒྱལ་ཡོངས་རྒྱུགས་སྤྲོད་ནང་ཆ་ཤས་བླངས་ཡོད་པ་དང༌། བོད་པའི་སློབ་གྲྭའི་ཡིག་རྒྱུགས་འཕྲོད་པའི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༨༧།༣ བྱུང་ཡོད་པ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༢།༡༠ ལས་བརྒྱ་ཆ་ ༥ མཐོ་བ་ཆགས་ཡོད།

མདོར་ན་འདིལོ་སློབ་མ་ ༣༤༥ བརྒྱ་ཆ་ ༧༠ ཡན་ལོན་པ་ཕྱི་ལོ་ ༢༠༡༢ ལོའི་སློབ་མ་ ༢༤༢ དང་བསྡུར་ན་བརྒྱ་ཆ་མཐོ་བོ་ལེན་མཁན་མང་དུ་ཕྱིན་ཡོད། ཤེས་རིག་ལས་ཁུངས་ཀྱིས་བརྒྱ་ཆ་གཞི་བཟུང་སློབ་ཡོན་འཆར་གཞི་གསར་གཏོད་གནང་བ་ལ་བརྟེན་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་རྒྱུར་ཐུགས་ཕན་ཐོགས་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་མཐོ་རིམ་སློབ་ཡོན་མ་ཟད། རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱིས་གཙོས་ཚོགས་སྡེ་གཞན་ནས་ཀྱང་སློབ་ཡོན་མཐུན་འགྱུར་ཞུས་མུས་རེད། གཤམ་གསལ་སློབ་མ་རྣམས་ཕྱི་ལོ ༢༠༡༣ ལོའི་དགའ་ལྡན་ཕོ་བྲང་གཟེངས་བསྟོད་བྱ་དགའ་ལེན་མཁན་ཚན་རིག་དང་ཚོང་རིག སྒྱུ་རྩལ་སྡེ་ཚན་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་ལ་བྱ་དགའ་ཨང་དང་པོར་སྒོར་༢༠༠༠༠ དང་ཨང་གཉིས་པར་སྒོར་ ༡༥༠༠༠ ཨང་རིམ་གསུམ་པར་སྒོར་༡༠༠༠༠ བཅས་སྔར་རྒྱུན་ལྟར་ཕྱི་ཟླ་༩ ཚེས་༢ མང་གཙོ་དུས་ཆེན་གྱི་མཛད་སྒོའི་སྐབས་གནང་གཏན་འཁེལ་ཡོད་ཅེས་འཁོད་འདུག

དེ་བཞིན་ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་དགའ་ལྡན་ཕོ་བྲང་གཟེངས་བསྟོད་སློབ་ཡོན་བྱ་དགའ་ཐོབ་མཁན་དག་ནི། ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སེ་ལ་ཀུ་བོད་ཁྱིམ་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་ལགས་སུ་བརྒྱ་ཆ་ ༩༢.༨ དང་། ཨང་གཉིས་པ། སེ་ལ་ཀུ་བོད་ཁྱིམ་སློབ་མ་བསྟན་འཛིན་ཀུན་བཟང་ལགས་སུ་བརྒྱ་ཆ་ ༩༢.༥། ཨང་གསུམ་པ། མོན་གྷོ་གཏན་སློབ་གྱི་སློབ་མ་བསྟན་འཛིན་དབང་ཕྱུག་ལགས་སུ་བརྒྱ་ཆ་ ༩༡.༨ བཅས་ཡིན་འདུག

སྒྱུ་རྩལ་སྡེ་ཚན་ལས་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ་བརྒྱ་ཆ ༩༥.༤། ཨང་གཉིས་པ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཕུན་ཚོགས་དོན་གྲུབ་ལགས་སུ་བརྒྱ་ཆ་ ༩༢.༦། ཨང་གསུམ་པ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་མགོན་པོ་བཀྲ་ཤིས་ལགས་སུ་བརྒྱ་ཆ་ ༨༩.༨ བཅས་ཡིན་པ་རེད།

ཚོང་རིག་སྡེ་ཚན་ལས་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལགས་སུ་བརྒྱ་ཆ་ ༩༠.༤། ཨང་གཉིས་པ། བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་བརྟན་སྒྲོལ་མ་ལགས་སུ་བརྒྱ་ཆ་ ༨༧.༢། ཨང་གསུམ་པ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་ལགས་སུ་བརྒྱ་ཆ ༨༤.༨ བཅས་ཡིན་འདུག

བུ་མོ་བསྟན་འཛིན་ཆོས་སྐྱིད་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཐེངས་འདིར་ཡིག་རྒྱུགས་ཀྱི་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པའི་རྒྱུ་རྐྱེན་གཙོ་བོ ༧གོང་ས་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས། དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་ལས་རྣམས་དང་། རང་ཉིད་ཀྱི་ཕ་མ་གཉིས་སོགས་ཀྱི་བཀའ་དྲིན་ཡིན་སྐོར་འགྲེལ་བརྗོད་བྱས་འདུག བུ་མོ་བསྟན་འཛིན་ཆོས་སྐྱིད་ཀྱི་ཕ་མ་གཉིས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཡིན་པ་དང་ཁོ་མོས་སློབ་གྲྭ་དེའི་ནང་ཕྱི་ལོ་ ༢༠༠༤ ལོ་ནས་སློབ་སྦྱོང་གནང་ཡོད་འདུག