དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་མཇུག་བསྡོམས།

tsunma_2013_6_3ད་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དབུ་འཛུགས་གནང་བ་དེ་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པ་ཞིག་རེད་ཅེས། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་དོན་འགྲུབ་ཀྱིས་གསུངས་བྱུང་།

དེ་ཡང་ཕྱི་ཟླ ༥ཚེས་༢༢ ཉིན་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་སའི་ཉེ་འགྲམ་དུ་ཡོད་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་ཚོགས་ཁང་དུ། དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དེ་དབུ་འཛུགས་ཀྱིས། གཞུང་ཆེན་བཀའ་པོད་ལྔར་འབྲི་རྒྱུགས་དང་རྩོད་རྒྱུགས་ཀྱི་ཐད་ནས་རྒྱུགས་བླངས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་ཞོགས་པར་མཇུག་བསྡོམས་གནང་སོང་།

མཇུག་བསྡོམས་སྐབས་གསར་འགོད་པས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་དོན་འགྲུབ་ལ་ཐེངས་འདིའི་དགེ་བཤེས་མའི་རྒྱུགས་སྤྲོད་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པར། tashi_dhondup_12ཁོང་གིས་དགེ་བཤེས་མའི་རྒྱུགས་སྤྲོད་འདི་འཛམ་གླིང་སྤྱི་དང་ལྷག་པར་བོད་ཀྱི་ལོ་རྒྱུས་སྒང་ལ་བྱུང་མྱོང་མེད་པ་ཞིག་ཆགས་ཡོད་རེད། དེ་ཡང་གཙོ་བོ་དེ་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་ལོར་བོད་ཀྱི་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དེ་དབུ་འཛུགས་གནང་ཐུབ་ཡོད་པ་རེད། དེ་ཧ་ཅང་གི་རྩ་ཆེན་པོ་དང་གཟི་བརྗིད་དང་ལྡན་པ་ཞིག་རེད་བསམ་གྱི་ཡོད། དེ་བཞིན་ཐེངས་འདིའི་རྒྱུགས་སྤྲོད་ཀྱི་རིང་གཙོ་བོ་ཆོས་རིག་ལས་ཁུངས་ཀྱིས་འགན་ཁུར་འོག་ཚགས་ཚུད་པོ་དང་ཡག་པོ་བྱུང་སོང་ལ། རྒྱུགས་སྤྲོད་ནང་མཉམ་ཞུགས་བྱེད་མཁན་ཚོ་ཡིན་ན་ཡང་ཚང་མས་འགན་རང་ཁུར་གྱིས་བཀྲ་མ་ཤིས་པ་དེ་འདྲ་གང་ཡང་བྱུང་མ་སོང་། ཕུན་སུམ་ཚོགས་པ་ཡག་པོ་ཞེ་དྲག་བྱུང་སོང་། དགེ་བཤེས་མའི་རྒྱུགས་སྤྲོད་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། དེ་ཡང་ལོ་མང་པོའི་སྔོན་ནས་༧གོང་ས་མཆོག་གིས་དེའི་སྐོར་ལ་བཀའ་སློབ་མང་པོ་གནང་ཡོད་རེད། བཀའ་སློབ་གནང་བ་བཞིན་ད་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དབུ་འཛུགས་གནང་བ་དེ་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པ་ཞིག་རེད་ཅེས་གསུངས་བྱུང་།

jangchup_gyalmo12ཡང་གསར་འགོད་པས་ཐེངས་འདིའི་རྒྱུགས་སྤྲོད་ཐོག་བཅར་བའི་བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙུན་མ་བྱང་ཆུབ་རྒྱལ་མོར། ཁྱེད་རང་ངོས་ནས་དགེ་བཤེས་མའི་ཡིག་སྤྲོད་འདི་རྩ་ཆེ་ཆུང་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར། ང་ཚོས་སློབ་སྦྱོང་བྱས་ནས་ལོ་མང་པོ་འགྲོ་ཡི་ཡོད་རེད། ཡིན་ཡང་དམིགས་ཡུལ་དེ་འདྲ་བརྟན་པོ་མེད་པར་བརྟེན་མཐར་ཕྱིན་པ་ཞིག་ཡོང་གི་མི་འདུག ཡིན་ན་ཡང་དགེ་བཤེས་མའི་རྒྱུགས་སྤྲོད་འདི་དབུ་འཛུགས་གནང་བ་ནས་བཟུང་། སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་དང་༧གོང་ས་མཆོག་གི་དགོངས་གཞི་ལྟར་ང་རང་འདིར་འཛུལ་ཞུགས་ཐུབ་པ་དེ་སྐལ་པ་བཟང་པོར་མཐོང་གི་ཡོད། ང་ཚོས་དེ་སྔོན་འདི་འདྲའི་ཡིག་རྒྱུགས་ཆེན་པོ་གཏོང་མྱོང་ཡོད་མ་རེད། སེམས་འཚབ་ཆེན་པོ་བྱུང་སོང་། ཡིན་ན་ཡང་འདིར་དངོས་སུ་ཡིག་རྒྱུགས་ལ་ཞུགས་ཡོང་དུས་དེ་ཙམ་གྱི་དཀའ་ལས་ཁག་པོ་བྱུང་མ་སོང་། ཡིག་རྒྱུགས་གང་འཚམས་ཡག་པོ་བྱུང་སོང་ཞེས་བརྗོད་བྱུང་།

tenzin_kunsel12སྒྲོལ་མ་གླིང་གི་བཙུན་མ་བསྟན་འཛིན་ཀུན་གསལ་ལ། ཁྱེད་རང་རྒྱུགས་སྤྲོད་འདིར་ཞུགས་དགོས་དོན་གང་ཡིན་དྲིས་པར། ང་རང་གི་ངོས་ནས་དེ་ལ་དགོས་པ་གཉིས་ཡོད། དང་པོ་དེ་༧གོང་ས་མཆོག་གིས་སྔོན་མ་ནས་བོད་ཀྱི་དགེ་བཤེས་མའི་ལམ་སྲོལ་དགོས་ཀྱི་འདུག་ཅེས་བཀའ་གནང་གི་ཡོད་རེད། ཡིན་ན་ཡང་ལམ་ཁ་དེར་འགྲོ་ཐུབ་མཁན་གྱི་བཙུན་མ་ཧ་ཅང་ཉུང་ཉུང་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་མེད་ཀྱི་གནས་སྟངས་འོག་ལྷག་པ་རེད། དེར་བརྟེན་མ་འོངས་པར་བོད་ཀྱི་བཙུན་མ་ཚོ་ལམ་ཁ་འདིར་ཡོང་བའི་སྲོལ་ཞིག་འཇོག་ཐུབ་ན་བསམ་སྟེ་ཡོང་བ་ཡིན། གཉིས་པ་དེ་ང་རང་གིས་ལོ་མང་པོའི་རིང་ནང་ཆོས་ལ་སློབ་སྦྱོང་བྱས་པ་དེ་གཏིང་ཟབ་ཏུ་གཏོང་ཆེད་དང་། མ་འོངས་པར་སོ་སོས་གང་སྦྱངས་པ་དེ་ཉམས་ལེན་ཡག་པོ་ཞིག་ཡོང་ཆེད་དུ་ཡིན་ཞེས་བརྗོད་བྱུང་།

ཡང་ཁོང་ལ་ནམ་རྒྱུན་གྱི་ཡིག་རྒྱུགས་དང་དགེ་བཤེས་མའི་རྒྱུགས་སྤྲོད་བར་ཁྱད་པར་འདུག་གམ་ཞེས་དྲིས་པར། དེའི་ཐོག་ལ་ཁྱད་པར་ཞེ་དྲག་འདུག ཕར་ཕྱིན་གཞུང་གཅིག་པུར་སྒྲོལ་མ་གླིང་ལྟ་བུར་མཚོན་ན་ལོ་བཞིའི་རིང་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་འདིར་ལོ་གཅིག་གི་ནང་སྦྱོང་དགོས་ཀྱི་ཡོད་རེད། དེ་བཞིན་སློབ་ཚན་གཞན་པ་དེ་ཚོ་ཡང་གཅིག་མཚུངས་རེད། དུས་རྒྱུན་ཀྱི་ཡིག་རྒྱུགས་དེ་ཚོ་ལས་སླ་པོ་འདྲ་བོ་དང་ཡིག་རྒྱུགས་འདི་ཧ་ཅང་ཁག་པོ་འདུག་ཅེས་བརྗོད་བྱུང་།

namdol_phuntsok12བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙན་མ་རྣམ་གྲོལ་ཕུན་ཚོགས་ཀྱིས། སྔོན་མ་ནས་ཡིག་རྒྱུགས་གཏོང་ས་མང་པོར་མཉམ་ཞུགས་བྱས་མྱོང་ཡོད་པར་བརྟེན་དམིགས་བསལ་གྱིས་དཀའ་ངལ་དེ་འདྲ་བྱུང་མ་སོང་། ཡིན་ན་ཡང་ད་རེས་བོད་ཀྱི་ལོ་རྒྱུས་ཐོག་རྒྱུགས་སྤྲོད་འདི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་དམིགས་བསལ་བ་ཞིག་ཆགས་ཡོད་པར་བརྟེན། སེམས་ནང་ལ་ལྗིད་ཁོག་ཆེན་པོ་དང་གལ་ཆེན་པོ་ཞིག་མཐོང་ནས་ནམ་རྒྱུན་དང་མི་འདྲ་བར་འབད་བརྩོན་བྱེད་དགོས་བྱུང་སོང་། སྤྱི་ཚོགས་ནང་བཙུན་མའི་དགེ་བཤེས་མ་ཡོང་གི་མ་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱིས་དགེ་སློང་མ་དང་དགེ་བཤེས་མའི་གོ་བ་ནོར་ནས་སྤྱི་ཚོགས་ནང་གནས་ཚུལ་སུན་སྣང་ཅན་མང་པོ་བྱུང་ཡོད་རེད། ང་རང་གིས་བསམ་ན་དགེ་བཤེས་མ་ཟེར་བ་འདི་ཡིག་རྒྱུགས་ཀྱི་ལམ་ནས་ཡོང་གི་ཡོད་པར་བརྟེན། ལམ་ལུགས་འདི་ཡག་པོ་རེད་བསམ་གྱི་ཡོད། མ་འོངས་པར་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད་ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཐེངས་འདིའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་དགེ་ལུགས་མ་གཏོགས་ཆོས་བརྒྱུད་གཞན་པ་སུ་ཡོད་ས་མ་རེད། ཁྱེད་རང་ངོས་ནས་མ་འོངས་པར་ཆོས་བརྒྱུད་ཁག་ཚང་མས་སྡིངས་ཆ་འདི་བེད་སྤྱོད་ཐུབ་ན་བསམ་གྱི་ཡོད་དམ་ཞེས་དྲིས་པར། འདིའི་སྐོར་ལ་ཚོགས་འདུ་ཐེངས་མང་པོར་འཚོགས་ཚར་བ་རེད། ཚོགས་འདུ་དེ་དག་གི་ཐོག་ཆོས་བརྒྱུད་ཁག་ཚང་མའི་སྐུ་ཚབ་དང་། བཙུན་དགོན་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་རེད། སྐབས་དེར་ས་སྐྱའི་ངོས་ནས་ད་ལྟའི་ཆར་སློབ་སྦྱོང་གི་རིམ་པ་དེ་ད་དུང་ཡར་སླེབས་ཡོད་མ་རེད། དེར་བརྟེན་ད་དུང་བྲེལ་བ་མི་འདུག་གལ་སྲིད་མཚམས་དེ་ལ་སླེབས་ན། ས་སྐྱ་གོང་མ་རིན་པོ་ཆེས་ས་སྐྱའི་གྲྭ་པ་ཚོར་གང་གནང་གི་ཡོད་པ་དེ་གནང་རྒྱུའི་ཐུགས་གཏན་ཁེལ་ཡོད་གསུངས་སོང་། རྙིང་མ་ཡིན་ན་ཡང་གྲྭ་པ་ཚོ་དང་འདྲ་བར་སློབ་དཔོན་གྱི་ལག་ཁྱེར་སྤྲད་ཀྱི་ཡིན་ཟེར། བཀའ་བརྒྱུད་ཡིན་ན་ད་ལྟའི་བར་སློབ་སྦྱོང་ལ་དམིགས་བསལ་གྱིས་ཤུགས་རྒྱག་ཐུབ་མ་སོང་། ཕྱིས་སུ་སློབ་སྦྱོང་གི་སྐོར་ལ་གཟིགས་རྟོགས་གནང་ནས་གཏན་འབེབས་བྱ་འཆར་ཡོད་རེད་ཅེས་གསུངས་ཡོད་པ་རེད། དེར་བརྟེན་ད་རེས་དགེ་བཤེས་མའི་རྒྱུགས་སྤྲོད་མཁན་ཚང་མ་དགེ་ལུགས་པ་ཆགས་ཡོད་པ་རེད་ཅེས་བརྗོད་བྱུང་།

tsunma_2013_6_3

ད་ཐེངས་ཀྱི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་། སྒྲོལ་མ་གླིང་བཙུན་དགོན། དགེ་ལྡན་ཆོས་གླིང་བཙུན་དགོན། རྒྱ་གར་ལྷོ་ཕྱོགས་བྱང་ཆུབ་ཆོས་གླིང་བཙུན་དགོན། བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་བཅས་བཙུན་དགོན་ཁག་ལྔ་ནས་བཙུན་མ་གྲངས་ ༢༧ རྒྱུགས་སྤྲོད་ནང་མཉམ་ཞུགས་གནང་འདུག་པ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་ནང་འཛུལ་བཞུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་དགོན་པ་སོ་སོའི་ནང་གཞུང་ཆེན་བཀའ་པོད་ལྔ་ལ་ལོ་ངོ་བཅུ་བདུན་རིང་སློབ་གཉེར་གནང་ཟིན་པ་དང་། དེའི་ཆ་སྙོམས་བརྒྱ་ཆ་༧༥ ལོན་ཡོད་ན་དགེ་བཤེས་མའི་རྒྱུགས་སྤྲོད་ནང་འཛུལ་ཞུགས་ཆོག་གི་ཡོད་པ་རེད་འདུག

ལོ་བཞིའི་རིང་གཞུང་ཆེན་བཀའ་པོད་ལྔའི་རྒྱུགས་འབྲས་ལོན་པ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་ཞིག་གནང་འཆར་ཡོད་འདུག་ན་ཡང་། ལག་ཁྱེར་དེའི་ཚད་འཛིན་ག་ཚོད་ཅིག་ཡིན་མིན་ད་དུང་ཁ་གསལ་ཆགས་མེད་པ་རེད་འདུག །