༧གོང་ས་མཆོག་ལ་གཞོན་ལྷན་གྱི་བཟོད་གསོལ་དང་འབྲེལ་བའི་གྲོས་ཆོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་ཉིན་ལྔ་པའི་ཚོགས་འདུ་གཉིས་པའི་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གཞོན་ནུའི་ཚོགས་བཅར་བ་རྣམས་ལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང་རྗེས། གཞོན་ལྷན་གྱི་ངོས་ནས་༧གོང་ས་མཆོག་ལ་ལྷ་དགོངས་དང་བའི་བཟོད་གསོལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།

གྲོས་ཆོད་དང་པོ། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཞོན་ལྷན་གྱི་ཚོགས་ཆེན་ཚོགས་མགོན་དུ་ཆེད་ཕེབས་དང་འབྲེལ་བཀའ་སློབ་སློབ་སྟོན་གནང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།
གྲོས་ཆོད་གཉིས་པ། བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༧ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ་བཞིན་བཟོད་གསོལ་དང་སྦྲགས་ཚོགས་ཆེན་འདིའི་སྟེང་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན། (གཞོན་ལྷན་གྱིས་དེའི་སྐབས་བཙན་བྱོལ་བོད་གཞུང་གི་ཞེས་མུ་མཐུད་བེད་སྤྱོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།)
གྲོས་ཆོད་གསུམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༣ ཟླ་༣ པའི་ཚེས་༡༠ ཉིན་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། དེ་བཞིན་ད་ལྟའི་བཀའ་ཤག་གི་ངོས་ནས་བཙན་བྱོལ་ནང་ལས་དོན་བྱེད་ཕྱོགས་ཐད་གུ་ཡངས་ཀྱི་ཁོར་ཡུག་གསར་པ་ཞིག་སྐྱོང་བཞིན་པ་དེ་ཉིད་མུ་མཐུད་རྒྱུན་འཁྱོངས་མདུན་བསྐྱོད་དགོས་པ་ཞེས་འཁོད་པའི་གནད་དོན་དེ་བཞིན་གོང་ས་མཆོག་གི་དབུས་བཀའ་ཤག་གོང་མ་རྣམས་ལ་ཟུར་ཟའི་སྐུལ་སློང་མེད་ཀྱང་ཐུགས་ཕམ་བྱུང་བར་ཚོགས་ཆེན་འདིའི་སྟེང་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན།
གྲོས་ཆོད་བཞི་པ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གསུམ་ཅུའི་དུས་དྲན་མཛད་སྒོའི་ཐོག་ནེའུ་ཡོག་ནེའུ་རྗན་སུའི་ས་གནས་གཞོན་ལྷན་ནས་ལས་གཞི་ལྟར། གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཞིག་མཛད་སྒོར་མཉམ་ཞུགས་གནང་བར་དངོས་འབྲེལ་ཡང། དེ་ནི་འབྲེལ་ཡོད་ནས་གདན་ཞུས་ལྟར་མཉམ་ཞུགས་བྱས་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣའི་མཉམ་ཆེད་མངགས་མཉམ་ཞུགས་བྱས་པ་ཞིག་གཏན་ནས་མིན་པ་གསལ་བཤད་ཞུ་རྒྱུ་དང། དེར་བོད་མིའི་སྒྲིག་འཛུགས་དབུས་འབྲེལ་ཡོད་སུ་ལའང་ཐུགས་ཕམ་རིགས་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན། གྲོས་ཆོད་ལྔ་པ། གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་དང་མཚན་སྨོད་ཞུ་མཁན་རིགས་ལ་གཞོན་ལྷན་སྒྲིག་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་རྩ་བ་ཉིད་ནས་བྱེད་རྒྱུ་མིན། གྲོས་ཆོད་དྲུག་པ། སྔ་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་ཐོག་བཞག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་དུ་བསྒྱུར་རྒྱུའི་གྲོས་ཆོད་དེ་བཞིན་ཚོགས་ཆེན་ཉིན་དང་པོར་ཕྱིར་འཐེན་བྱས་ཟིན་པ་མ་ཟད། སླར་ནས་འགྲེམས་སྤེལ་ཡང་ཞུས་ཟིན་པ་ལྟར་འགལ་ཟླ་ཚོགས་པའི་རིགས་ལྟ་བུ་བྱ་རྒྱུ་མིན།
མདོར་ན་གོང་དུ་གནད་དོན་ཁག་ནང་མ་ཚུད་པའི་ལྷ་དགོངས་འཁྲུག་གཞིའི་རིགས་ཅི་ཡོད་ཐད་སྙིང་ཁོང་རུས་པའི་གཏིང་ནས་ལྷ་དགོངས་གསལ་ཐང་མངའ་བ་ཞུ་རྒྱུ་དང་། གུས་འབངས་རྣམས་དུས་ནམ་ཡང་ཐུགས་བརྩེའི་བྱིན་རླབས་ལས་མི་སློད་པའི་སྐྱབས་མཇུག་རྩེ་གཅིག་ཏུ་འདེབས་རྒྱུའི་སྤྱི་མོས་གྲོས་ཆོད།།