འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།

mundgod_2013_6_5ཕྱི་ཟླ་༦ ཚེས་༥ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་རྩི་བྱས་ཡོད་པ་དང་། ཉིན་འདིའི་ཞོགས་པ་མོན་གྷོ་ས་གནས་སེར་སྐྱ་མི་མང་རྣམས་ནོར་བུའི་རི་འགོར་འཛོམས་དེ་བསངས་གསོལ་བཏང་རྗེས།

ས་གནས་གཞིས་སྤྱིའི་མི་མང་ཚོགས་ཁང་ཆེན་མོའི་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་འཐུས་མི་གཙོས་མི་གྲངས་བརྒྱ་ཕྲག་ཁ་ཤས་འཛོམས་དེ། མཛད་སྒོ་དངོས་སུ་འགོ་འཛུགས་བྱས་ཡོད་པ་རེད།

  དེ་ཡང་ཐོག་མར་ལས་དྲུང་བསྟན་འཛིན་མཆོག་ལྡན་གྱིས་མི་མང་ལ་ཉིན་འདིའི་མཛད་སྒོ་ངོ་སྤྲོད་དང་དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེས་ད་ལྟའི་བར་དུ་འཛམ་གླིང་སྤྱི་དང་བྱེ་བྲག་བོད་གངས་ཅན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་སློབ་གནང་བའི་གསུང་འཕྲིན་ཁག་སྒྲོགས་སྤྱང་དང་འབྲེལ་མོན་གྷོ་ས་གནས་འདིའི་ཁོར་ཡུག་གཙང་འཕྲོད་དང་འབགས་བཙོག་སོགས་གང་འདྲ་འགྲོ་ཡི་ཡོད་མེད་དང་། ལྷག་པར་དུ་མི་རེ་ངོ་རེ་ནས་ཁོར་ཡུག་ཇི་ལྟར་བདག་གཅེས་བྱེད་དགོས་མིན་དེ་བཞིན་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་འཛམ་གླིང་སྟེང་གི་འགྲོ་བ་མི་གཙོ་བོར་གྱུར་བའི་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

mundgod1_2013_6_5མོན་གྷོ་ས་གནས་འགོ་འཛིན་སྐུ་ངོ་ཕུན་ཚོགས་ཚེ་རིང་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་དོན།  དེ་རིང་གི་ཉིན་མོ་འདིར་འཛམ་གླིང་ཁོར་ཡུག་ཉིན་མོ་ཞེས་སྲུང་བརྩི་བྱེད་དགོས་དོན་ནི་རང་བྱུང་ཁམས་ན་གནས་བའི་སྐྱེ་དངོས་ཡོད་ཚད་ལ། བདག་གཅེས་ཡོང་དགོས་ན་ས་ཡི་གོ་ལ་འདི་ལ་གནོད་པ་ལས་ཕན་པ་སྒྲུབ་དགོས་པའི་ཉིན་མོ་ཞིག་དུ་ངོས་འཛིན་གནང་གི་ཡོད་ཚོད་འདུག་ལ།   དེར་བརྟེན་ཐོག་མར་ང་ཚོ་མི་རང་ཉིད་ཀྱིས་སྡོད་གནས་གཙང་བཟོ་དང་ད་གཟོད་འགྲོ་འདུག་སྤྱོད་གསུམ་གང་ལ་ཡང་ཕྱིའི་ཁོར་ཡུག་སྲུང་སྐྱོབ་ལ་བདག་གཅེས་བྱེད་དགོས་པ་རེད།   དཔེར་ན་ཤིང་ནག་འདེབས་འཛུགས་དང་མཚོ་དང་མཚེའུ་གཙང་བཟོ་བྱེད་པ་ལ་སོགས་པའི་ལས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་མོན་གྷོ་ས་གནས་སུ་ལོ་འགའི་སྔོན་ནས་འགྱིག་ཤོག་བཀག་འགོག་བྱས་ཡོད་ནའང་། ད་ལྟ་ཡང་འགྱིག་ཤོག་རིགས་མང་པོ་མཐོང་རྒྱུ་ཡོད་པས། དེའི་རིགས་ལ་གཟབ་དགོས་སྐོར་དང་།   མདོར་ན་ཁོར་ཡུག་གི་རྐྱེན་པས་མིའི་ལུས་ཕུང་ལ་བདེ་ཐང་མེད་པར་ན་ཚ་འདྲ་མིན་ཕོགས་ཀྱི་ཡོད་ ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་དང་ཆབ་གཅིག་མོན་གྷོ་ས་གནས་འཐུས་ཚོགས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་གྱིས་ཉིན་འདིའི་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་དོན།  དེ་རིང་གི་ཉིན་མོ་འདིར་རང་དབང་ལུང་པར་འཙོ་སྡོད་བྱེད་མཁན་ཚོའི་འཛམ་གླིང་ཁོར་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་སོ་སོའི་ནུས་འཇོན་དང་བསྟུན་ནས། སློབ་གསོ་དང་ལས་ཀ་ག་རེ་བྱ་འདོད་ཡོད་ན་རང་དབང་ཡོད་པ་རེད།   བོད་ནང་ལོགས་སུ་ཆ་མཚོན་ན།   ཁོར་ཡུག་ལ་གཏོར་སྐྱོན་ཅི་ཙམ་འགྲོ་ཡི་ཡོད་རུང་དེ་སྲུང་སྐྱོབ་བྱེད་པའི་རང་དབང་མེད་པས།   རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ནང་གི་ས་ཆ་རི་བྲག་མང་པོ་གཏོར་བཤིག་དང་སྤང་ལྗོངས་བསྔོགས་ཏེ་རྩབ་ཧྲལ་བཏང་སྟེ། གཞུང་ལམ་དང་ལྕགས་ལམ་བཟོ་བ་སོགས་འཛུགས་སྐྲུན་གྱི་སྐོར་དང་།   གཏེར་ཁ་སྔོག་འདོན་དང་། བཟོ་གྲྭ་འདྲ་རྒྱག་པ་སོགས་ཀྱིས་ཁོར་ཡུག་འབགས་བཙོག་བཟོ་མུས་ཡིན་སྐོར་དང་། མཚོ་དང་ཆུ་བཙོག་པ་ཆགས་ནས།   ནད་ཡམ་འདྲ་མིན་བྱུང་བ་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས། ཧམ་སེམས་ཆེ་དྲག་པའི་དབང་གིས་ཁོར་ཡུག་ལ་བསམ་བློ་མ་བཏང་བར་གཏོར་སྐྱོན་བཏང་བའི་འབྲས་བུ་ཡིན་སྐོར་སོགས་གསུངས་སོང་། དེ་ནས་མི་མང་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་ཨམ་སྡོང་བགོ་འགྲེམས་གནང་བ་སོགས་བྱས་ཏེ་ཉིན་འདིའི་མཛད་སྒོ་གྲོལ་ཡོད་པ་རེད།

དེ་ཡང་འཛམ་གླིང་གི་ཁོར་ཡུག་ལ་འབགས་བཙོག་བཟོས་ན་གནོད་སྐྱོན་འབྱུང་མིན་ཐད་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་ནས་བདུན་ཅུའི་ནང་ལོགས་སུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་ཐོག་བྱ་འགུལ་སྤེལ་ཏེ། དོ་སྣང་གསར་པ་བྱས་ནས་ཁོར་ཡུག་གི་གནད་དོན་ནི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་བཞག་ཡོད།   དེ་ནས་གཟུང་ཁོར་ཡུག་གི་གནད་དོན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་བྱ་འགུལ་རྒྱལ་སྤྱིའི་ཅན་དུ་བསྒྱུར་ནས་ཕྱི་ལོ་༡༩༧༢ ཟླ་བ་༦ པའི་ཚེས་༥ ནས་༦ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ལ་རྒྱལ་ཁབ་༡༡༣ ཙམ་གྱི་སྲིད་གཞུང་དང་དམངས་ཁྲོད་ནས་འཐུས་མིར་ཚོགས་ཆེན་འཚོགས་ནས་འཛམ་གླིང་དེང་རབས་ཁོར་ཡུག་གི་གནད་དོན་དང་།  འཛམ་གླིང་གོ་ལ་ཧྲིལ་བོའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་བཅས་ཀྱི་ཐད་ལ་དཔྱད་བསྡུར་བྱས་པའི་མཐར་ལོ་རེའི་ཟླ་༦ པའི་ཚེས་༥ ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་རུ་གཏན་ཁེལ་བྱས་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།