དད་མོས་དང་འབྲེལ་བའི་མང་གཙོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༡ ཕྱི་ལོ་ ༢༠༡༣/༦/༥
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོ་བཙན་ཐབས་ཀྱིས་གསོལ་རས་བསྩལ་ནས་མི་ལོ་ལྔ་བཅུ་ལྷག་འཁོར་བ་དང། དེའི་རིང་མང་གཙོ་ཡར་རྒྱས་དང་མདུན་བསྐྱོད་ཀྱི་རྣམ་པ་ཇི་འདྲ་ཞིག་ཡོད་ཀྱང། ཚང་མ་༧གོང་ས་མཆོག་གིས་ལམ་སྟོན་དང་སྐུལ་འདེད་གནང་བ་ཁོ་ན་ལས།
བོད་མི་སུ་གཅིག་གིས་རྩོད་ལེན་བྱས་པ་ཞིག་མིན། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་དུ་བསྐྱོད་ཐུབ་དགོས་པ་དེར་འཕྲལ་ཕུགས་ཀྱི་དགོངས་པ་ཆེན་པོ་ཞིག་བཞེས་ཡོད་པ་སྨྲོས་མེད་ཡིན་པ་དང། དེ་དང་མཚུངས་པར་ཐུགས་རེ་ཆེན་པོ་ཞིག་བཅངས་ཡོད་པའང་ཧ་ཅང་གསལ་པོ་རེད། འོན་ཀྱང་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོ་ལག་བསྟར་བྱེད་སྐབས་༧གོང་ས་མཆོག་གི་ཐུགས་རེ་བཞིན་ཡོང་གི་ཡོད་མེད་དེ་དྲི་བ་ཞིག་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མང་གཙོའི་ཐོབ་ཐང་ཆ་ཚང་ཡོད་ནའང། བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་ཆ་མ་ཚང་བ་དང་མ་འདང་བ་མང་པོ་ཡོད་པ་སྨྲོས་མེད་རེད། ད་ཆ་བཙན་བྱོལ་ནང་རང་བཙན་སླར་གསོ་དགོས་ཟེར་མཁན་དང། མི་རིགས་ས་གནས་རང་སྐྱོང་ཙམ་གྱིས་འགྲིག་ཚུལ་བརྗོད་མཁན་གཉིས་ཀྱི་བར་དུ་ལངས་ཕྱོགས་ཀྱི་འཐབ་རྩོད་ཆེན་པོ་ཡོད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཅིག་སྒྲིལ་མི་ཆགས་པའི་འགལ་རྐྱེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། འོན་ཀྱང་དོན་དངོས་ཐོག་མང་གཙོ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་བསམ་ཚུལ་མི་མཐུན་པ་ཡོད་དགོས་པ་དང། ཡོང་ངེས་པ་ཞིག་ཡིན་པ་ལས། མི་ཚང་མའི་བསམ་ཚུལ་གཅིག་གྱུར་ཆགས་སོང་ན་སྐབས་དེ་དུས་སྤྱི་ཚོགས་དེར་མང་གཙོ་ཡོད་མེད་ཀྱང་དོགས་གཞིར་གྱུར་ཟིན་པ་རེད།
༧གོང་ས་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་རྩོད་བཞིན་པ་དེ་བརྒྱ་ཆ་བརྒྱ་འགྲུབ་རྒྱུའི་གདེང་ཚོད་ཡོད་པ་དང། སྲིད་བྱུས་དེ་བོད་རྒྱ་གཉིས་ཕན་ཡིན་ཚུལ་གསུངས་པ་དེ། བོད་མི་ཚང་མའི་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་གྱུར་དགོས་པ་ལས། རང་བཙན་རྩོད་མཁན་གཏན་ནས་ཡོད་མི་ཆོག་ཅེས་པའི་དོན་མིན་པ། ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་གནང་ནས་གསལ་བཤད་གནང་བ་ལས་གསལ་པོ་རྟོགས་ཐུབ། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་༧གོང་ས་མཆོག་གིས་བཀའ་སློབ་ཁོ་ན་ཁ་རུ་ཁུར་ནས་བསྒྱུར་དགོས་ཚུལ་བརྗོད་པ་ནི། གནས་ལུགས་ལས་རིང་དུ་བརྒལ་བའི་བྱེད་སྟངས་ཤིག་ཏུ་གྱུར་ཡོད།
བོད་དོན་འཐབ་རྩོད་ཀྱི་གཞི་རྩའི་ཁ་ཕྱོགས་འཛིན་སྟངས་དེ་རྒྱ་ཆེའི་མི་མང་གིས་མང་མོས་འོས་བསྡུ་བྱས་ཀྱང། མཐར་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་དང། དེ་ལྟར་གནང་ན་མང་མོས་འོས་བསྡུ་བྱས་པ་དང་ནུས་པ་མཉམ་པ་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ཐག་གཅོད་སྔ་རྗེས་གནང་བ་དང། དེ་ལ་བརྟེན་ནས་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་གཏན་འབེབས་གནང་བ་རེད། གལ་སྲིད་༧གོང་ས་མཆོག་གིས་སྐབས་དེར་བོད་རང་བཙན་སླར་གསོ་དགོས་པར་གཏན་འབེབས་གནང་ཡོད་པའི་དབང་དུ་བཏང་ནའང། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་ཀྱི་རྒྱ་ལས་བརྒལ་མེད་པར་ཏག་ཏག་བསྡད་ཡོད་པ་རེད།
གནད་དོན་འདི་ལ་ཕྱིར་འདང་བརྒྱབ་པའི་སྐབས་སུ་ཕྱོགས་གཅིག་ནས་བོད་པ་རྣམས་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་དང་དད་གུས་རྩེ་གཅིག་ཏུ་ཡོད་པ་མ་ཟད། ཆོས་སྲིད་གཉིས་ཐད་ནས་ཁོང་ལས་ལྷག་པ་གཞན་སུ་གཅིག་བློ་གཏད་ཞུ་ཡུལ་མེད་པ་གསལ་སྟོན་བྱས་ཡོད་པ་དང། ཕྱོགས་གཅིག་ནས་རང་ཉིད་ཀྱི་ནུས་པ་དང་བསམ་བློ་བེད་སྤྱོད་དེ་ཙམ་མ་བྱས་པར་བོད་དོན་འཐབ་རྩོད་ཀྱི་འགན་ཆ་ཚང་༧གོང་ས་མཆོག་གི་སྐུ་ཕྲག་ཏུ་བཀལ་བ་ལྟ་བུ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་དེ་ཙམ་མེད། ད་ལྟའི་ཆར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནད་དོན་གལ་ཆེའི་རིགས་ལྷ་ཡི་ལུང་བསྟན་ལ་བརྟེན་ནས་ཐག་གཅོད་བྱེད་སྲོལ་ཡོད་ལ། དཔེར་ན་ཉེ་ཆར་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་ལྷ་སྲུང་གི་བཀའ་ལུང་གཞིས་བྱེས་མི་མང་གིས་རྩ་འཛིན་ཡོང་ཆེད་བཀའ་ཤག་གིས་ཕྱིར་བསྒྲགས་གནང་བ་ལྟ་བུ་རེད། དེར་བརྟེན་བཙན་བྱོལ་བོད་མི་ཚོ་ལ་མང་གཙོའི་ཐོབ་ཐང་ཆ་ཚང་བསྩལ་ཡོད་ཀྱང། དེ་བེད་སྤྱོད་ཚུལ་བཞིན་མ་བྱས་པར་མང་གཙོའི་མིང་ཐོག་ནས་དད་མོས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད་པ་རེད།
དེ་བཞིན་མི་རེ་ཟུང་གིས་དེ་རིང་རང་བཙན་སླར་གསོ་དགོས་ཚུལ་བཤད་ནས་ངར་བཞིན་ཡོད་ཀྱང། སང་ཉིན་དབུ་མའི་ལམ་དུ་ཤར་བསྐྱོད་མ་བྱས་ན་མི་འགྲིག་ཚུལ་བརྗོད་ནས་གཞན་ལ་ངོ་རྒོལ་བྱེད་མཁན་དུ་གྱུར་པ་དེ་དག་ཡོང་མི་སྲིད་པ་ཞིག་མིན་མོད། དེའི་འབྱུང་རྐྱེན་གཙོ་བོ་དེ་ཡག་ས་ནས་བཤད་ན་དད་མོས་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཁོར་ཡུག་ནང་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ནས་བསམ་ཚུལ་མི་མཐུན་པ་དག་གི་ཁ་བཙུམ་ཐབས་བྱེད་པ་དེ་དག་འོས་མཚམས་ཤིག་མིན་པ་ལས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་དབུ་མའི་ལམ་གྱི་དགེ་མཚན་དང་གྲུབ་འབྲས་གླེང་བ་དེ་རང་བཙན་དོན་གཉེར་ཅན་རྣམས་ལ་གནོན་ཤུགས་སུ་ངོས་འཛིན་གཏན་ནས་བྱེད་མི་འོས། མདོར་ན་ཆོས་ཕྱོགས་ནས་དད་པ་བེད་སྤྱོད་མེད་པ་ཞིག་མིན་ཡང། མང་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་ནང་དད་མོས་བེད་སྤྱོད་བྱས་ན་དོན་དངོས་ཐོག་གྲུབ་འབྲས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད་སྙམ།།