གནམ་བདེ་སྒོ་མོའི་ཨ་མ་དང་རྒྱ་ནག་གི་ཕུགས་བསམ།

44f2e118-9ab2-452b-a2ac-1ce10a6f5efb_w640_r1_s

དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་ཐེངས་༢༤ པའི་སྐབས་འདིར། ཕྱི་ལོ་༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་པའི་ལོ་ན་༡༧ ཅན་གྱི་བུ་གཅིག་པུའི་ཨ་མ་དང་གནམ་སྡེ་སྒོ་མོ་ཨ་མའི་མགྲིན་ཚབ་པ། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་ལྕམ་ཏི་ཙི་ལི་དང་

གནམ་བདེ་སྒོ་མོ་ཨ་མའི་སྐུ་ཚབ་གསར་པ་ཡུང་ཝེ་ཅེ་གཉིས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་པ་རྒྱ་ཡིག་ལས་འདི་ག་གསར་ཁང་གིས་བོད་བསྒྱུར་བྱས།

 

  དྲུག་བཞི་ཞེས་པའི་ཨ་ར་བྷི་ཡི་གྲངས་ཀ་འདི་གཉིས། རྒྱ་ནག་ཏུ་རྡོ་ལ་རི་མོ་བརྐོས་པ་ལྟར་དུས་ནམ་ཡང་བརྗེད་པར་དཀའ་བའི་མི་རིགས་ཀྱི་ལོ་ཟླ་སྐྱུར་མོའི་དྲན་རྟེན་ཞིག་ཏུ་གྱུར་ཟིན་པ་དང་། ད་དུང་ཡང་ཁྲག་དམར་འཛག་བཞིན་དྲག་སྐྱེད་བྱུང་མེད་པའི་རྨ་ཁ་ཞིག་གིས། རྒྱ་དམར་ཤོག་ཁག་གི་དཔོན་རབས་འགའ་བརྗེ་སྤོའི་ལོ་ཟླ་བརྒྱུད་མྱོང་ཡང་། སྔར་བཞིན་ལོ་རྒྱུས་ཀྱི་དཀྱོགས་མཚམས་དེ་ལས་བརྒལ་ཐུབ་མེད། གྲངས་ཀ་འདི་གཉིས་ཐོས་མ་ཐག་གནམ་བདེ་སྒོ་མོ་ཨ་མའི་མིག་ཟུང་ལས་མཆིལ་མ་བཞུར་འོང་།

ཏི་ཙི་ལི་ཡི་བུ་ཅང་ཅེ་ལེའེ་ནི་མི་ལོ་༢༤ སྔོན་གྱི་མཚན་མོ་དེར། རྒྱབ་ལོགས་ནས་གློ་སྙིང་གཤགས་ཏེ་མདུན་གྱི་བྲང་ཁོག་ཕུག་པའི་མདའ་གཅིག་གིས་རང་ལོ་༡༧ ཅན་གྱི་གཞོན་ནུ་དེས་ཚེ་སྲོག་འཕྲོག་པ་རེད།
ན་ཟུག

44f2e118-9ab2-452b-a2ac-1ce10a6f5efb_w640_r1_s

ཨ་མ་ཏི་ཙི་ལི་ཡིས་མིག་ཆུ་གཏོང་བཞིན་བཤད་རྒྱུར། “ཕྱི་ཚེས་གཉིས་ཉིན་ངའི་བུའི་སྐྱེས་སྐར་རེད་ལ། ཕྱི་ཚེས་གསུམ་ཉིན་ནི་ཁོང་གི་འདས་མཆོད་ཀྱང་རེད། ཕྱི་ཚེས་བཞི་ཉིན་གྱི་ཞོགས་པར་ད་དུང་མི་དེ་འདྲ་མང་པོ་བསད་པ་རེད། ཁོང་ཚོ་ཚང་མ་ལས་དབང་གཅིག་པའི་མི་རེད། དེར་བརྟེན་ཉིན་འདི་གསུམ་ནི་ལོ་ལྟར་ང་སེམས་པ་སྐྱོ་ཤོས་ཀྱི་ཉིན་མོ་རེད།”
ཆབ་སྲིད་དབྱེ་ཞིབ་པ་ཁ་ཤས་ལ་དོ་སྣང་བྱུང་བ་ལྟར་ན། འདས་པའི་རྒྱ་ནག་དམར་ཤོག་གི་འཐུས་མི་ཚོགས་ཆེན་དང་ཚོགས་ཆེན་གཉིས་འཚོག་པའི་སྐབས་ཀྱི་གསར་འགོད་ལྷན་ཚོགས་ཐོག  ཕྱི་རྒྱལ་གྱི་གསར་འགོད་པས་རྒྱ་ནག་གི་འགོ་ཁྲིད་ལ་ངེས་པར་དུ་དྲུག་བཞིའི་དོན་རྐྱེན་སྐོར་གླེང་སློང་བྱེད་ཀྱི་ཡོད་ན་ཡང་། ཚོགས་ཆེན་ཐེངས་༡༨ པ་དང་ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག ཕྱི་རྒྱལ་གྱི་གསར་འགོད་པའི་ནང་དྲུག་བཞིའི་དག་སེལ་གནད་དོན་སྐོར་དྲི་བ་བཏང་མཁན་མ་བྱུང་བ་ ཐེངས་དང་པ་ཆགས་ཡོད།
སློབ་དཔོན་ཏི་ཙི་ལི་ལ་བཅར་འདྲི་བྱས་པའི་སྐབས་ཀྱང་། དབྱེ་ཞིབ་བྱས་པའི་གནད་དོན་དེ་ནས་འགོ་བཙུགས་ཏེ་དྲི་བ་བཏང་འདུག མི་རྣམས་ཀྱིས་དྲུག་བཞིའི་དོན་རྐྱེན་བརྗེད་ཟིན་ནམ།

ཏི་ཙི་ལི་ཡིས་ལན་འདེབས་གནང་དོན། “རྩ་བ་ནས་སྲིད་ཀྱི་མ་རེད། ངའི་བསམ་པར་རྩ་བ་ཉིད་ནས་བརྗེད་སྲིད་ཀྱི་མ་རེད། རྒྱུ་མཚན་ནི་དྲུག་བཞིའི་དོན་རྐྱེན་ལོ་རྒྱུས་ཁྲོད་འཐིམས་ཟིན། གྱ་དགུ་དམངས་གཙོའི་ལས་འགུལ་ནང་གྲོང་ཁྱེར་གྱི་མི་སེར་ཁྲི་སྟོང་མང་པོ་མཉམ་ཞུགས་བྱས་ཡོད། ངའི་བསམ་ན་དེ་ནི་རླབས་ཆེན་བའི་དམངས་གཙོའི་ལས་འགུལ་ཞིག་རེད། རླབས་ཆེན་གྱི་དོན་སྙིང་ལྡན་པའི་ལས་འགུལ་དེ་ལས་སླ་པོར་ནག་བསུབ་གཏོང་མི་ནུས། དྲུག་བཞིའི་དམར་གསོད་ནི་ཏིང་དང་ལི། ཡཱང་གིས་བཟོས་པ་ཞིག་རེད། དེ་ནི་ཆབ་སྲིད་ཀྱི་འགྱུར་ལྡོག་ཅིག་རེད་ཟེར་ནའང་ཆོག  ཁོང་ཚོས་དམར་ཤོག་ཚོགས་པའི་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་ཏེ། མི་སེར་དཀྱུས་མ་དམར་གསོད་བཏང་ཡོད། དེ་ལྟ་བུའི་ཁྲག་དྲི་དྲོ་བའི་དམར་གསོད་ཀྱི་དོན་རྐྱེན་ཡང་དེ་བཞིན་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་གྱུར་ཟིན་པས། ནག་བསུབ་ཏུ་གཏོང་ཐུབ་མི་སྲིད། མི་རྣམས་ཀྱིས་དྲན་པ་བརྗེད་པ་དང་ཡང་ན་གྲགས་འགུལ་མེད་པར་ཁུ་སིམ་དུ་གྱུར་མིན་དེ་ཁོང་ཚོའི་གདམ་ག་རེད། ཡིན་ནའང་ངས་བསམས་ན་དེ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཡིན་ངེས། ཅིའི་ཕྱིར་ཞེ་ན། འཛམ་གླིང་ཡོངས་རྫོགས་མདུན་ནས་མདུན་དུ་བསྐྱོད་བཞིན་པ་རེད། ད་ལྟ་རྒྱ་ནག་གཅིག་པུ་མ་ཡིན་པར་རྒྱ་ནག་ཕྱི་ལོགས་ཀྱི་འཛམ་གླིང་། ལ་ཊིན་ཨ་མེ་རི་ཁ་དང་ཨེ་ཤི་ཡ་ཚང་མར་འགྱུར་ལྡོག་འགྲོ་བཞིན་པ་རེད། རྒྱ་ནག་གཅིག་པུ་འཛམ་གླིང་དང་ཁ་བྲལ་ཏེ་ཁེར་རྐྱང་དུ་སྡོད་སྲིད་ཀྱི་རེད་དམ། མི་སྲིད་པ་རེད། དེར་བརྟེན་ང་ལ་ཡིད་ཆེས་བརྟན་པོ་ཡོད།

རེ་བ་གསར་པ།

མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་ཏི་ཙི་ལི་དགུང་ལོ་༧༧ ལ་ཕེབས་ཚར་བ་དང་། ཁོང་གི་ཁྱོ་ག་མི་རིགས་སློབ་ཆེན་གྱི་མཛེས་རྩལ་ཞིབ་འཇུག་ཚན་པའི་འགན་འཛིན་ཟུར་པ་ཅང་ཕེ་ཁན་ཡང་དགུང་ལོ་བརྒྱད་ཅུ་ལ་སླེབས་ཟིན། ཁོང་གཉིས་ཀྱིས་དྲུག་བཞིའི་དོན་རྐྱེན་རྗེས་སུ་ཐེངས་གསུམ་ལ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བརྗེ་སྤོའི་སྐབས་བརྒྱུད་མྱོང་བ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་གཉིས་ཀྱི་སྲིད་དབང་གསར་པས་ཁོང་རྒན་རྒོན་གཉིས་ལ་རེ་བ་གསར་པ་ཞིག་སྦྱིན་གྱི་རེད་དམ།
ཏི་ཙི་ལི་ཡིས་བརྗོད་རྒྱུར། “ང་ཚོ་ལ་རེ་བ་གཅིག་ཡོད། ཞི་ཅིན་ཕིང་སོགས་ལམ་ལུགས་རྙིང་པའི་འཆིང་ཐག་ལས་བརྒལ་ནས་ཆབ་སྲིད་བཅོས་བསྒྱུར་ལམ་བུར་བསྐྱོད་ཐུབ་པ་ཡིན་ན། ང་ཚོའི་རེ་བའང་དེ་ན་ཡོད། རྒྱུ་མཚན་དེའི་ཕྱིར་ང་ཚོས་ཤེས་གསལ་ལ། གལ་ཏེ་ཆབ་སྲིད་བཅོས་བསྒྱུར་མ་བྱས་པ་ཡིན་ན། དྲུག་བཞིའི་གནད་དོན་གཅིག་པུ་རྩ་བ་ནས་ཐག་གཅོད་ཡོང་གི་མ་རེད། དེ་བཞིན་དྲུག་བཞིའི་གནད་དོན་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་རྒྱ་ནག་དམངས་གཙོའི་ལམ་དུ་མདུན་བསྐྱོད་བྱས་དེ། ཆབ་སྲིད་བསྒྱུར་བཅོས་གཏོང་དགོས། དེ་ལྟ་བུའི་ལམ་དུ་དངོས་གནས་དྲང་གནས་བསྐྱོད་མཁན་ཉུང་ཉུང་ཞིག་མ་གཏོགས་མེད་ན་ཡང་། ང་ཚོ་ལ་རེ་བ་ཡོད་སྲིད་པ་ཞིག་རེད། ང་ཚོས་དུས་ཚོད་ཧ་ཅང་ཐུང་ངུ་ཞིག་གི་ནང་དུ་དྲུག་བཞིའི་གནད་དོན་ཐག་གཅོད་ཡོང་བའི་རེ་བ་གཏན་ནས་རྒྱག་གི་མེད། གང་ལགས་ཤེ་ན། གནད་དོན་འདི་དང་འབྲེལ་བ་ཡོད་པའི་ཕྱོགས་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད།

རྐྱེན་ངན།
ཅང་ཕེ་ཁན་ནི་རྒྱ་ནག་གི་ནོའོ་ཝེ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་ཡི་སློབ་སྟོན་པའི་ནང་གི་གཅིག་ཡིན་ཞིང་། དྲུག་བཞིའི་རྗེས་སུ། ལུའུ་ཞོ་པོ་རྒྱུན་དུ་ཤི་གསོན་ཁ་བྲལ་གྱི་སྡུག་བསྔལ་འོག་ཤུལ་དུ་ལུས་པའི་སློན་དཔོན་རྒན་པ་གཉིས་ཀྱི་ཁྱིམ་དུ་སེམས་གསོའི་འཚམས་འདྲིར་བསྐྱོད་ཀྱི་ཡོད། ལུའུ་ཞོ་པོ་ཡི་སྐོར་བཤད་སྐབས། ཨ་མ་ཏི་ཙི་ལི་ཡི་མིག་ཟུང་མཆི་མས་བརླན་བཞིན། “ལུའུ་ཞོ་པོ་འཇུ་བཟུང་བྱས་ཏེ་ཁྲིམས་ཐག་མ་བཅད་པའི་སྐབས་ལ། ངས་དངོས་གནས་་་་ཅི་ཞིག་བྱེད་དགོས་ཤེས་མ་སོང་། གལ་ཏེ་ང་འཇུ་བཟུང་བྱས་པ་ཡིན་ན། ང་རྒས་ཚར་བ་རེད། ནུས་པ་ཆེན་པོ་འདོན་རྒྱུ་ལྷག་ཡོད་པ་མ་རེད། ལུའུ་ཞོ་པོ་ཡི་ཚབ་ལ་ང་བཙོན་དུ་བཅུག་ཀྱང་འགྱོད་པ་མེད། ལུའུ་ཞོ་པོ་ད་ལྟ་རྒྱ་ནག་གི་ལག་པའི་ནང་གཏའ་མར་བཞག་པའི་མི་ཞིག་རེད། རྒྱ་ནག་དང་ཨ་རི་གཉིས་ཀྱིས་གྲོས་མོལ་བྱེད་པའི་སྐབས་སུ། གལ་སྲིད་ལུའུ་ཞོ་པོ་གློད་གྲོལ་གཏོང་ཐུབ་པ་ཡིན་ན། ཁོའི་ཚབ་ཏུ་ང་གཏའ་མར་འཇོག་ཀྱང་ཆོག ང་འཐད་པ་ཡིན། ཁོས་ད་དུང་ལས་ཀ་མང་པོ་བྱེད་ཐུབ། རྒྱ་ནག་དམངས་གཙོ་ཅན་དུ་བསྐྱོད་པའི་ལམ་བུར། ལུའུ་ཞོ་པོ་དངོས་གནས་མེད་དུ་མི་རུང་བ་དང་། ཁོང་ལྷག་བསམ་རྣམ་དག་ཅན་གྱི་མི་ཞིག་རེད།”
ཏི་ཙི་ལི་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་VOA བརྙན་འཕྲིན་བཅར་འདྲིའི་སྐབས་སུ་བརྗོད་དོན། མི་རིང་བར་སླེབས་ལ་ཉེ་བའི་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་མཇལ་འཕྲད་སྐབས། ཁོང་མོའི་རེ་བར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ལུའུ་ཞོ་པོ་གློད་གྲོལ་གྱི་རེ་འདུན་འདོན་དགོས། སློབ་དཔོན་ཏི་ཙི་ལི་ཡི་ལུའུ་ཞོ་པོ་ཚབ་བྱེད་ནས་བཙོན་ཁང་དུ་འཛུལ་འདོད་དེ་ཕལ་ཆེར་མངོན་འགྱུར་ཡོང་མི་སྲིད་པ་ཞིག་རེད། འོན་ཀྱང་སློབ་དཔོན་ཏི་ཙི་ལི་ཡིས་ལུའུ་ཞོ་པོ་ལྟ་བུའི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་“གཏའ་མ་རུ་འཇོག་པའི་མི”་ཞེས་པའི་བཤད་སྟངས་དེར། མི་རྣམས་ཀྱིས་བསམ་གཞིགས་བྱེད་འོས་པ་ཞིག་རེད།

འཇིག་རྟེན་ཡོངས་ཁྱབ་རིན་ཐང་ཁྱབ་བསྒྲགས།
ཏི་ཙི་ལི་ཡིས་བརྗོད་རྒྱུར། “ངས་སྲིད་འཛིན་ཨོ་བྷ་མ་ལ་ཐེངས་འདིའི་མཇལ་འཕྲད་ཀྱི་གོ་སྐབས་བཟང་པོ་འདི་བརྒྱུད་ནས། ཞི་ཅིན་ཕིང་ལ་འཇིག་རྟེན་ཡོངས་ཁྱབ་རིན་ཐང་ཁྱབ་བསྒྲགས་བྱེད་དགོས་པའི་བསམ་འཆར་འདོན་བཞིན་ཡོད། གཙོ་བོ་ནི་ཁོང་ལ་དྲན་སྐུལ་བྱེད་རྒྱུ་དེ་ཡིན། བློ་སྟོབས་ཆེན་པོའི་སྒོ་ནས་མི་ལོ་༢༤ སྔོན་གྱི་དྲུག་བཞིའི་དམར་གསོད་ལ་གདོང་ལེན་བྱེད་དགོས།”
སློབ་དཔོན་ཏི་ཙི་ལི་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་ལོ་རེའི་དྲུག་བཞི་སྐབས་ཁོང་དང་ཁོང་མོའི་སྐུ་ཟླ་གཉིས་ཀྱིས་ཁྱིམ་དུ་དུས་དྲན་ཇི་ལྟར་བྱེད་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ཁོང་མོའི་བུ་ཅང་ཅེ་ལེའེ་ཡི་རུས་ཐལ་ད་དུང་ཡང་ཁྱིམ་གྱི་ཁང་པའི་དབུས་སུ་བཞག་ཡོད་པ་མཐོང་སོང་།
ཏི་ཙི་ལི་ཡིས་བཤད་རྒྱུར། “ངས་ལོ་རེ་བཞིན་འདི་ལྟར་བྱས་ནས་ཡོང་བ་ཡིན། ཕྱི་ཟླ་༥ པའི་ཚེས་༢ ཉིན་ངའི་བུའི་སྐྱེས་སྐར་རེད། དེའི་ཉིན་ཁོང་ལ་འཁུར་ར་(cake)ཞིག་གྲ་སྒྲིག་བྱས་པ་དང་། ཕྱི་ཚེས་༣ ཉིན་གྱི་མཚན་མོར་ཁྱིམ་དུ་ཁོང་དྲན་གསོ་བྱེད་ཀྱི་ཡོད། ལས་སླ་མོ་རེད། ཁོང་གསོན་པའི་རིང་ཟ་རྒྱུར་དགའ་བའི་ཁ་ལག་བྱ་ཤ་བསྲེག་མ་དང་གྲང་ཚལ་རིགས། ལྡུམ་སྒོང་། ཉ་ཚ་བསྲེག་མ།  འབུ་ཤཱ་མིག  སྲན་སེར་སོགས་རེད་་་་ངའི་བུ་འདི་་་།”
ཏི་ཙི་ལི་སེམས་ཤུགས་གཏན་ནས་ཆག་མེད་ཅིང་། ཁོང་མོས་བརྗོད་རྒྱུར། མ་འོངས་པར་བུའི་རུས་ཐལ་ངེས་པར་དུ་དྲུག་བཞིའི་རྗེས་དྲན་རྡོ་རིང་ནང་དུ་འཇོག་དགོས། ཏི་ཙི་ལི་ཡིད་ཆེས་ལྡན་པའི་སྒོ་ནས། མ་འོངས་པར་ད་དུང་དྲུག་བཞིའི་རྗེས་དྲན་ཁང་ཞིག་འཛུགས་བསྐྲུན་གྱིས། དེའི་ནང་དུ་ཁོང་མོའི་བུའི་ཤུལ་བཞག་ཅ་དངོས་རྣམས་ཞལ་འདེགས་སུ་ཕུལ་ཏེ། མི་རྣམས་ལ་མི་རབས་ནས་མི་རབས་བར་ལོ་རྒྱུས་ཀྱི་སྐྱོ་གར་དེ་དྲན་གསོ་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཨ་མའི་སེམས་འདུན།
ཏི་ཙི་ལི་ཡིས་བརྗོད་དོན། “ གལ་ཏེ་འདི་ལྟར་བཤད་ན། སྔོན་ཆད་ང་པུར་སྒམ་གྱི་མདུན་དུ་སོང་ནས་དྲན་གསོ་བྱེད་ཀྱི་མེད། རྒྱུ་མཚན་ནི་ཁོང་ད་དུང་དུར་འཇུག་བྱས་མེད། ཁོང་ཁྱིམ་དུ་ཡོད། ངས་དུར་ས་ཉོ་མི་ཐུབ་པའི་རྒྱུ་མཚན་མ་རེད། ངའི་བསམ་པར་རྒྱ་ནག་ཏུ་“དུར་སར་སྦེད་ན་བདེ་བ་ཐོབ་”ཟེར་བའི་བཤད་སྲོལ་ཞིག་ཡོད་རེད། ད་ལྟ་ཁོང་ཚོར་དྲང་བདེན་གྱི་ལམ་བུ་ཞིག་རྙེད་མེད། འདི་ནི་དཀར་ནག་གོ་ལྡོག་དང་བཟང་ངན་གོ་ནོར་ཞིག་ཡིན་པ་མངོན་གསལ་དོད་པོ་རེད། ཡིན་མིན་དབྱེ་འབྱེད་མེད་པའི་གནས་ཚུལ་ཚང་མ་དྲང་བདེན་མ་རེད། ཁོང་དུར་འཇུག་བྱས་པའི་དབང་དུ་བཏང་རུང་བདེ་བ་ཐོབ་ཀྱི་མ་རེད། ཡང་གཅིག་བཤད་ན་རང་ལོ་༡༧ སྐབས་ཀྱི་ཁོང་ད་དུང་ན་ཚོད་མ་ཟིན་པའི་མི་ཞིག་རེད། དེར་བརྟེན། ང་དང་ངའི་བཟའ་ཟླ་གཉིས་ཀྱིས་སྔར་ནས་བསམ་བློ་བཏང་ཟིན། ང་གཉིས་སྒེར་གྱི་གཤིན་ཆོག་འདི་ལྟར་བྱེད་རྒྱུ་ཡིན། ཉིན་དེར་བུ་ལ་རྐྱེན་ངན་འཕྲད་པ་དེ་ཁ་ལ་མ་ཉན་པར། ངའི་ལག་ནས་ཨུ་ཚུགས་ཀྱིས་ཤོར་སོང་བ་རེད། རྒྱུ་མཚན་དེའི་ཕྱིར་མ་འོངས་པར་ང་ལ་ཡང་ཁོང་གི་རེ་བ་དགོས། ཁོང་ན་ཚོད་མ་ཟིན་པ་རེད། (ཁོང་མོའི་བུའི་རུས་ཐལ་ཡོད་པའི་སྒམ་ཆུང་བསྟན་བཞིན་) རུས་ཐལ་འདིའི་ནང་དུ་ཡོད་རེད། ཁོང་གི་རུས་ཐལ་ཕྱེད་ཀ་ཁོང་དང་མཉམ་དུ་གྲོངས་པའི་མིའི་ལྷན་དུ་སྦས་ཚར་པ་རེད། ཕྱེད་ཀ་དེ་ཕ་མ་ངེད་གཉིས་དང་མཉམ་དུ་ཡོད། ངའི་བུ་འདི། ཚོར་བ་ཕྱིར་དེ་ཙམ་མི་སྟོན་མཁན་ཞིག་དང་། ཁོང་བུ་ཧ་ཅང་ཉམ་ཆུང་ཞིག་ཡིན། ཁོང་རྒྱུན་དུ་ཕ་མ་གཉིས་དང་ཁ་མི་བྲལ། དེའི་ཕྱིར་ང་སྒེར་གྱིས་བཀོད་སྒྲིག་བྱས་པ་དེ་འདི་ལྟ་བུ་ཞིག་ཡིན། ང་ཚོར་རྐྱེན་ངན་བར་ཆད་འཕྲད་ནས་ལོ་གསུམ་ལ་ཉེ་བའི་ནང་མི་ཁ་ཤས་ང་ཚོ་བསྟུད་མར་དང་ཁ་བྲལ་སོང་། ང་ཚོས་བཀོད་སྒྲིག་མི་བྱེད་ཐབས་མེད་རེད། ང་ཚོར་སྔ་ས་ནས་རེ་བ་ཉག་གཅིག་ཡོད། དྲུག་བཞིར་གདེང་འཇོག་དང་དྲང་བདེན་ཐོབ་པའི་རྗེས་སུ་ང་ཚོས་ངེས་པར་དུ་བྱེད་དགོས་པའི་ལས་ཀ་ནི། དྲུག་བཞིའི་རྗེས་དྲན་ཁང་ཞིག་དང་དྲུག་བཞིའི་དུར་ཁྲོད་ཅིག་བསྐྲུན་རྒྱུ་དེ་ཡིན། ཁོང་ཚོ་ཚང་མ་མཉམ་གཅིག་ཏུ་དུར་སྦེད་བྱེད་ཐུབ་པ་ཡིན་ན། ངའི་བུའི་མཐའ་མཇུག་གི་རེ་འདུན་འགྲུབ་པ་ཡིན། ལོ་དེར་ངས་ཁོ་ལ་ཁྱོད་འགྲོ་མི་རུང་། ཁྱོད་སོང་ན་ཤི་མཁན་འགྲོ་བ་དང་གཅིག་མཚུངས་རེད་ཅེས་བཤད་པ་ཡིན། ཡིན་ནའང་ཁོས་མེ་མདའ་རྒྱག་པ་ཤེས་ཡོད་ཅིང་། ཉེན་ཁ་ཡོད་པའང་ཧ་གོ་ཡོད། ངའི་བསམ་པར་ཁོང་གི་ཚེ་སྲོག་བློས་བཏང་ནས་༥ པའི་༡༩ ཉིན་ཁྲོམ་སྐོར་གྱི་འཕྲེད་དར་སྦྱར་ཡིག“ཁྱོད་ཚོ་ཤི་ནའང་ད་དུང་ང་ཚོ་ཡོད་”ཅེས་པ་མངོན་དུ་གྱུར་བར་བྱས་པ་རེད།

སེམས་ལ་ཡོད་ཚད་ཁ་རུ་མེད།
སྤྱིར་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ད་ལྟའི་བར་དུ་གདམ་ག་རང་བཞིན་གྱི་བརྗེད་པ་དང་ཁུ་སིམ་མེར་བསྡད་ཡོད། ཡིན་ན་ཡང་། རྒྱ་ནག་སྲིད་གཞུང་གིས་ཉིན་མོ་འདིར་དམ་དྲག་བྱེད་སྟངས་ལ་ལྟས་ན། ད་དུང་དྲུག་བཞི་གཏན་ནས་བརྗེད་མི་འདུག རྒྱ་ནག་གི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་ཞིག་གི་གློག་བརྙན་ནང་དུ་། “བུ་དྲུག་དང་སྤོ་བོ་བཞི་ཡིས་ངེས་པར་དུ་ཁྱོད་ལ་དགྲ་ཤ་ལེན་ཡོང་”ཞེས་བརྗོད་པའི་སྐབས་དང་། གྱ་གཅིག་ལག་རྩེད་སྤོ་ལོ་རུ་ཁག་དང་ཨ་རིའི་རྗའོ་རྗུ་ཏྲའོ་སློབ་ཆེན་གྱི་སྤོ་ལོ་རུ་ཁག་གཉིས་རྩེད་ཐང་དུ་འཁྲུག་འཛིང་ཤོར་སྐབས། འགྲན་སྡུར་སྐར་གྲངས་སྦྱར་ངོས་སུ་༨༩ དང་༦༤ ཡི་ཨང་གྲགས་ཤར་སྐབས། རྒྱ་ནག་དྲ་རྒྱའི་དུས་རབས་སུ་བསྐྱོད་པའི་སྐབས། རྒྱ་ནག་གི་དྲ་དམངས་ཀྱིས་ལོ་འགའི་ཟླ་༥ པའི་ཚེས་སུམ་ཅུ་སོ་ལྔ་ཡིས་ཚབ་བྱེད་ནས་དྲུག་བཞི་རྗེས་དྲན་བྱེད་པའི་སྐབས། དྲ་ཐོག་ཏུ་མི་ཁྲི་སྟོང་མང་པོས་དྲུག་བཞིའི་ཉིན་མོར་མཆོད་མེའི་པར་རིས་བཞག་ཏེ་རྗེས་དྲན་མཚོན་པར་བྱེད་པའི་སྐབས། སློབ་དཔོན་ཏི་ཙི་ལི་ཡིས་སྒམ་ཆུང་ཁ་ཕྱེ་ནས་ང་ཚོར་ཨ་རིའི་ས་ཕྱོགས་གང་སར་ནས་བསྐུར་ཡོང་བའི་ཡུ་ཤེའི་འཁྲུངས་སྐར་གྱི་ཤོག་བྱང་བསྟན་པའི་སྐབས། སློབ་དཔོན་ཏི་ཙི་ལི་ཡིས་ཁོང་མོ་ཁེར་རྐྱང་མིན་པ་རྟོགས་ཡོད། བཟང་སྤྱོད་དང་མི་དམངས་ཀྱི་སེམས་པའི་མངའ་ཁོངས་སུ། ཁོང་མོ་གཉོད་ཆུང་གི་ཁོངས་གཏོགས་ཤིག་གཏན་ནས་མ་རེད།
ཏི་ཙི་ལི་ཡིས་བཤད་དོན། “ཨ་རིའི་མངའ་སྡེ་གང་སར་ནས་བསྐུར་ཡོང་བའི་ཡུ་ཤེའི་འཁྲུངས་སྐར་ཤོག་བྱང་སྒམ་གཅིག་རྒྱལ་ཁབ་ཀྱི་སྦྲགས་ཁང་དུ་སླེབས་ཏེ། ང་ལེན་པར་སྐད་བཏང་སོང་། དེ་དུས་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་ཤིག་ལ་རེད། ང་ལྷོ་ཕྱོགས་ནས་ཚུར་ཁྱིམ་དུ་སླེབས་མ་ཐག་ཡིན། ང་དེར་བསྐྱོད་རྗེས་སྦྲགས་ཁང་གི་འགན་ཁུར་མི་སྣས་ངའི་མཐོང་སར་སྒམ་ཁ་ཕྱེ་སྟེ་བརྟག་དཔྱད་བྱས་སོང་། ཤོག་བྱང་དེ་དག་མཐོང་མ་ཐག  འདི་ཚོ་ཁྱོད་ཀྱིས་ཁྱེར་ན་མི་ཆོག་ཟེར། ངས་ཅིའི་ཕྱིར་ཁྱེར་མི་ཆོག་ཅེས་དྲིས་པ་ཡིན། དེ་དག་ཚང་མ་ཨ་རིའི་ཕྱོགས་ཀྱི་ངོ་མི་ཤེས་པའི་མི་རྣམས་ཀྱི་ལག་བྲིས་མཚན་རྟགས་རེད་ལ། ང་ཚོ་དྲུག་བཞིའི་ཕ་མ་ཚོར་བསྐུར་བའི་འཚམས་འདྲིའི་ཤོག་བྱང་རེད། ཁོས་ངས་འགོ་ཁྲིད་ལ་ཡར་ཞུ་བྱེད་རྒྱུ་ཡིན། ཁྱོད་ཀྱིས་ལན་སྒུག་ཟེར། ངས་ཨུ་ཚུགས་བྱས་ན་དགོས་ལབ་པ་ཡིན། དེ་དག་ནི་རིན་གོང་མི་ལྡན་པའི་ཅ་ལག་རེད། “ང་མི་སྒེར་ལ་མཚོན་ན། བུ་མེད་པ་ཆགས་ཚར་བ་རེད། ངའི་སེམས་ལ་དུས་ནམ་ཡང་ཡལ་དུ་མེད་པའི་ན་ཟུག་བཞག་ཚར་བ་རེད། འོན་ཀྱང་། ང་རང་རྐྱེན་ངན་འཕྲད་པའི་ཨ་མ་ཞིག་ཡིན་པའི་ངོས་ནས། ང་ལ་རྐྱེན་ངན་བར་ཆད་འཕྲད་སྐབས། འཛམ་གླིང་ས་ཕྱོགས་གང་སའི་བརྩེ་བ་དང་རྒྱབ་སྐྱོར་ཐོབ་མྱོང་། མཚམས་རེར་ངས་རྒྱུན་དུ་འདི་ལྟར་བསམས། ང་རང་གཅིག་པུར་ཁུ་སིམ་མེར་ཟུར་དུ་གནས་པ་ཡིན་ན། མི་ག་ཚོད་ཙམ་ལ་འདི་ལྟ་བུའི་དོ་སྣང་སླེབས་སུ་འཇུག་ཐུབ་བམ། ལྷག་པར་དུ་ང་ནི་མི་དཀྱུས་མ་ཞིག་རེད། སྔོན་ཆད་ཀྱང་ཨ་མ་དཀྱུས་མ་ཞིག་རེད། སློབ་དཔོན་དཀྱུས་མ་ཞིག་རེད། ཤེས་ཡོན་པ་དཀྱུས་མ་ཞིག་རེད། ཡིན་ནའང་ངས་ཉམས་མྱོང་འདི་དག་བརྒྱུད་བའི་རྗེས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་བཅས་ཀྱི་རོགས་རམ་དང་རྒྱབ་སྐྱོར་གང་མང་ཐོབ། ངས་ཅི་ཡང་མི་བཤད་པར་ཁ་རོག་སྡོད་སྲིད་པ་མ་རེད།”

སྔ་ལྟས་དང་ལས་དབང་།
ཏི་ཙི་ལི་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། ཁོང་མོས་ད་ལོར་སྔ་ལྟས་ཧ་ཅང་མང་པོ་ཞིག་མཐོང་ཡོད་འདུག  ལོ་༢༤ རིང་འབྲེལ་བ་བྱས་མ་མྱོང་བའི་ཞིབ་འཇུག་སློབ་མ་དང་གྲོགས་པོ་མང་པོ་ཞིག  ལམ་སེང་གྲོགས་པོ་རྙིང་པ་ལྟར་ཁོང་མོ་བཟའ་ཟླ་རྒན་རྒོན་གཉིས་དང་འབྲེལ་འདྲིས་བྱུང་ཡོད་པ་རེད།
ཏི་ཙི་ལིས་བཤད་རྒྱུར། “ངས་བསམ་ན་ཕལ་ཆེར་ལས་དབང་ཞིག་ཡིན་པ་འདྲ། ལོ་ངོ་༢༠ ལྷག་གི་རིང་ཁྱོན་ནས་མཐོང་མ་མྱོང་བའི་སློབ་མ་བུ་མོ་ཞིག་གིས་ང་ལ་དུས་ཡུན་རིང་པོར་སེམས་ཁུར་བྱས་འདུག  ང་ཚོ་ཚང་མ་པེ་ཅིང་གྲོང་ཁྱེར་གཅིག་གི་ནང་དུ་ཡོད་པ་རེད། ཁོང་མོས་ངའི་ནང་དུ་ཁ་པར་སླེབས་སོང་། ངས་ཁོང་མོར་ངའི་ནང་དུ་མ་ཡོང་། ཁ་པར་ཡང་མ་གཏོང་ལབ་པ་ཡིན། གང་ལགས་ཞེ་ན། མོ་ནི་ཕྱི་ལོགས་ནས་པེ་ཅིང་དུ་སློབ་གྲྭར་ཡོང་བའི་སློབ་མ་ཞིག་རེད། སློབ་གྲྭ་ཆེན་པོ་དང་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་ལས་སླ་མོ་ཡོད་མ་རེད། ལོ་ངོ་༢༠ ངོ་མ་ཐུག་པའི་རིང་། ཁོང་ཚོ་ཚང་མ་ད་ཆ་བྱ་བཞག་དང་མདུན་ལམ་ཡོད་མཁན་ལ་གྱུར་འདུག  ལས་དོན་ལ་ཡང་བྲེལ་བ་ཡོད་རེད། ཐེངས་ཤིག་ལ་ཁོང་ཚོས་ཉིན་གཅིག་གི་དུས་ཚོད་ཕུད་ནས། ངའི་ཕ་ཡུལ་ཝུ་ཞི་རུ་མཉམ་དུ་འཛོམས་ཏེ་མཚན་གཅིག་ཞག་སྡོད་བྱས། ཉིན་གཉིས་པར་ཡང་བསྐྱར་ཚང་མ་པེ་ཅིང་དུ་ཕྱིར་ལོག་བྱས་པ་ཡིན། པེ་ཅིང་ལ་སླེབས་པའི་རྗེས་སུའང་མི་མང་པོ་ཞིག་རྒྱུན་དུ་ང་ལ་ལྟ་བར་ཡོང་བ་རེད། མི་ལོ་༢༠ ཕྱིན་སོང་། དགེ་རྒན་ཚང་མ་རྒས་ཁོག་ཆགས་ཚར་བ་རེད། ངའི་བཟའ་ཟླ་ཡང་ད་ལོ་ལོ་༨༠ རེད། ལོ་བཅུ་ཕྲག་ཁ་ཤས་ནང་མ་ཐུག་པའི་སློབ་མ་རྣམས་ལ། ཅི་ཞིག་བཤད་དགོས་ཀྱང་ཤེས་ཀྱི་མི་འདུག  རྗོགས་མཐའ་མེད་པའི་སྐད་ཆ་ཡོད་རེད།”

ཕ་བུ།
གནས་ཚུལ་ཐོན་པར་གཞིགས་ན། ལོ་དེའི་དྲུག་བཞིའི་དམར་གསོད་སྐབས། ཞི་ཅིན་ཕིང་གི་ཨ་ཕ་ཞི་ཏྲང་ཧྲིན་གྱིས་ཡོངས་གྲགས་སྒོ་ནས་དྲུག་བཞིའི་དྲག་གནོན་ལ་ངོ་རྒོལ་བྱས་ཡོད་པ་རེད། གལ་ཏེ་ཞི་ཏྲང་ཧྲིན་གྱི་བུ་ཞི་ཅིན་ཕིང་དང་གདོང་དང་གདོང་ཐུག་ནས་བསྡད་རྒྱུའི་གོ་སྐབས་ཤིག་བྱུང་ན། ཁྱོད་ཀྱིས་ཁོང་ལ་ཅི་ཞིག་བཤད་ས་རེད་ཅེས་ཁོང་མོར་དྲི་བ་དྲིས་སྐབས། ཏི་ཙི་ལི་ཡིས། ད་ལྟའི་ཆར་ཁོང་གི་གོ་གནས་ཧ་ཅང་མངོན་གསལ་དོད་པོ་རེད། དེ་ལྟ་བུའི་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོང་མི་སྲིད་པ་ཞིག་རེད་ཅེས་ཟེར། དེ་ལྟར་ནའང་། ཏི་ཙི་ལི་ཡིས་ཞི་ཅིན་ཕིང་གི་སྐུ་པར་གཉིས་ཀྱིས་ཁོང་མོར་བཞག་པའི་བག་ཆགས་དང་འབྲེལ་བའི་སྐོར་ནས་བཤད་བྱུང་།
ཏི་ཙི་ལིས་བཤད་དོན།“ ངས་ཞི་ཏྲང་ཧྲིན་ལ་ཧ་ཅང་བརྩི་བཀུར་ཡོད། ངས་དྲ་ཐོག་ཏུ་ཁྱབ་པའི་སྐུ་པར་གཉིས་དེ་མཐོང་སོང་། པར་གཅིག་ནི་ཞི་ཅིན་ཕིང་གིས་ལྕགས་རྟ་བཞོན་ནས་བུ་མོ་བྱིས་བཅོལ་ཁང་ངམ་སློབ་ཆུང་དུ་སྐྱེལ་སྐབས་ཤིག་རེད། པར་གཞན་པའི་ནང་དུ་ཞི་ཏྲང་ཧྲིན་རྐུབ་བཀྱགས་འཁོར་ལོའི་ཐོག་བསྡད་ཡོད་པ་དང་། འཁྲིས་སུ་ཕང་ལི་ཡཱེ་(ཞི་ཅིན་ཕིང་གི་སྐུ་ཟླ) ཡིས་བུ་མོ་ཁྲིད་ནས་འགྲོ་བཞིན་འདུག ང་ལ་ཧ་ཅང་སྤྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་དང་། མི་གཤིས་རིག་གནས་ཀྱི་ངང་ཚུལ་ཞིག་སྟེར་བྱུང་། ལོ་དེར་ཁོང་གི་གཉིད་ལམ་ནང་དུའང་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་བ་བསམ་མྱོང་ཡོད་རྒྱུ་མ་རེད། ཡིན་ནའང་ཁོས་ཁོང་གི་ཨ་ཕ་དང་བུ་ཕྲུག་ལ་དེ་ལྟར་ལྟ་སྐྱོང་གནང་བ་རེད། དེར་བརྟེན། ཁོང་ཡང་མི་རེད། མིག་དཔེ་ལྟ་སའི་ཕ་བུ་ཞིག་རེད། མ་ཚད་འགོ་ཁྲིད་རྙིང་པ་ཞིག་གིས་ང་ལ་བཤད་པ་ལྟར་ན། ཞི་ཅིན་ཕིང་གི་ཁྱིམ་དུ་ནང་མི་ཁ་ཚང་ཡོད་མ་རེད། ཁོང་ཨ་ཕར་དྲིན་ལན་མི་འཇལ་མཁན་གྱི་མི་ཞིག་བྱེད་མི་འོས། ཁོང་གི་ཁྱིམ་རྒྱུད་ཀྱི་ངོས་ནས་བཤད་ནའང་། དེ་ལྟར་བྱེད་མི་རུང་མ་ཟད། དེ་ལས་ཀྱང་ཁོང་གིས་མི་རིགས་ཤིག་གི་རེ་འདུན་ཕྲག་ཏུ་བཞེས་ཡོད་པ་རེད།”
གནམ་བདེ་སྒོ་མོ་ཨ་མའི་ཕུགས་བསམ།
རྒྱ་ནག་གི་རྨི་ལམ་ཞེས་པ་ནི་ཉེ་དུས་རྒྱུགས་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་ཡོད་ཅིང་། གནམ་བདེ་སྒོ་མོའི་ཨ་མ་ལའང་རྒྱ་ནག་གི་རྨི་ལམ་ཡོད་དམ། གལ་སྲིད་ཡོད་ན་དེའི་དམིགས་ཚད་དང་འགྲེལ་བཤད་ཅི་ལྟར་ཡིན་ནམ།
ཏི་ཙི་ལི་ཡིས་བཤད་རྒྱུར། “གནམ་བདེ་སྒོ་མོའི་ཨ་མར་རྨི་ལམ་མེད། རྨི་ལམ་ནི་རྫུན་གྱི་རང་བཞིན་ཞིག་རེད། རྨི་ལམ་བཟང་ངན་ལ་མ་ལྟོས་པར། གནམ་བདེ་སྒོ་མོ་ཨ་མའི་ངོས་ནས་བཤད་ན། གཉིད་སད་དུས་ཐམས་ཅད་ནི་ཧ་ཅང་ན་ཟུག་ལྡན་པའི་དངོས་ཡོད་རེད། ང་ཚོས་ཉིན་མཚན་རེས་མོས་ཀྱིས་གདོང་གཏད་ས་ཡང་། ཡ་ང་སྙིང་རྗེ་མེད་པའི་སྡུག་བསྔལ་རེད་ལ། གསོན་ཉམས་དོད་པའི་དངོས་ཡོད་ཀྱང་རེད། ང་ཚོའི་རེ་སྙེག་གི་དམིགས་ཡུལ་ཡང་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས། བུ་ཕྲུག་ཚོའི་ཆེད་དུ་དྲང་བདེན་རག་ཐབས་བྱེད་རྒྱུ་དང་། བསྐྱར་དུ་དྲུག་བཞི་ལ་གདེང་འཇོག་བྱེད་རྒྱུ་དེ། ང་ཚོའི་རེ་སྙེག་གི་དམིགས་འབེན་རེད། དེར་བརྟེན་ང་ཚོར་རྨི་ལམ་མེད།”
ཏི་ཙི་ལི་ད་ལྟ་དགུང་ལོ་༧༧ ཡིན་པ་དང་། ཁོང་གི་བཟའ་ཟླ་ཅང་ཕེ་ཁེན་ཡང་དགུང་ལོ་༨༡ སླེབས་རྒྱུའི་སྐུ་ན་མཐོ་བའི་བགྲེས་སོང་ཞིག་རེད། ཏི་ཙི་ལི་ཡིས་ཤེས་ཡོད། ཁོང་མོ་ལྟ་བུའི་ཤི་གསོན་ཁ་བྲལ་གྱི་ནང་མི་རྣམས་ཀྱིས། ཚེ་འདིར་གནམ་བདེ་སྒོ་མོའི་དོན་རྐྱེན་དག་སེལ་བྱེད་པའི་ཉིན་མོ་དེ་ཧ་ལམ་མཐོང་མི་ཐུབ་པ་ཞིག་རེད། དེ་ལྟར་ནའང་། ཏི་ཙི་ལི་ཡིས་ངོ་སྤྲོད་གནང་བ་ལྟར་ན། ཁོང་ཚོས་གནམ་བདེ་སྒོ་མོ་ཨ་མའི་ལས་འགུལ་གྱི་རྗེས་འཛིན་པ་བཀོད་སྒྲིག་གིས། ལས་འགུལ་གྱི་དཔལ་འབར་བརྒྱུད་སྤྲོད་བྱས་ཡོད་པ་རེད།

དཔལ་འབར་བརྒྱུད་སྤྲོད།
ཏི་ཙི་ལི་ཡིས་བཤད་དོན། “ད་ལོའི་ཡོངས་ཁྱབ་འཕྲིན་ཡིག་ནང་བལྟས་ན་དེའི་ནང་གི་མི་སྣ་དང་པོ་དེ་ཏི་ཙི་ལི་མིན་པར། ལྕམ་ཡུང་ཝི་ཅེ་རེད། ཁོང་མོ་ནི་ང་ཚོ་ཚོགས་པས་རྙེད་པའི་ཁྱིམ་ཚང་གསུམ་པ་དེ་རེད། ད་ལོའི་གནས་ཚུལ་འདི། ང་མདུན་དུ་བསྡད་ནས་ཁོང་ཚོའི་ལམ་བཀག་མི་རུང་། དེའི་ནང་གི་ཡུང་ཝི་ཅེ་གཅིག་རེད། ཁྱོད་(ཡུང་ཝི་ཅེ) ཀྱི་བསམ་བློའི་ནང་གྲ་སྒྲིག་དགོས་པ་རེད། ད་ལོའི་ཕྱི་ཟླ་༥ པའི་ཚེས་༣༡ ཉིན། རྒྱ་དབྱིན་གཉིས་ཀྱི་ཐོག་ནས་དུས་མཉམ་དུ་གསལ་བསྒྲགས་བྱས་པ་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐོང་ཚན་པས་ང་ཚོར་གསར་འགྱུར་གྱི་མ་ཟིན་སྤེལ་བར་རོགས་རམ་དང་། དབྱིན་ཡིག་ཏུ་བསྒྱུར་རོགས་བྱས་པ་རེད། ཁྱོད་(ཡུང་ཝི་ཅེ) བཅར་འདྲིར་གྲ་སྒྲིག་བྱེད་དགོས།”

5ea65211-b4f5-4804-b95d-795b7787bcf1_w640_sདྲུག་བཞིའི་དོན་རྐྱེན་ཁྲོད་ཁྱོ་ག་མེད་པ་ཆགས་པའི་ལྕམ་ཡུང་ཝི་ཅེ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་པ་དང་། ཁོང་མོས་བཤད་རྒྱུར། “ད་ལྟའི་ཆར་བཤད་ན། གནམ་བདེ་སྒོ་མོའི་ཨ་མ་མང་པོ་ཞིག་ལོ་ན་མཐོ་པོ་ཆགས་ཚར་པས། ང་ཚོར་རྒྱུད་འཛིན་མཁན་དགོས། ངའི་ཁྱོ་ག་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་པ་རེད། འདི་ནི་ཨ་མ་ཞིག་གི་གནད་དོན་རྐྱང་པ་མིན་པར། སྐྱེས་དམན་ཞིག་གི་གནད་དོན་ཡང་རེད། ལས་འགན་འདི་ཕྲག་ཏུ་ཁུར་དགོས་ན་འགན་ཁུར་ཆེན་པོ་ཡོད་པ་ངས་ཤེས་ཡོད། འཛམ་གླིང་འདིའི་སྟེང་དུ་དྲང་བདེན་ཡོད་པ་ང་ལ་ཡིད་ཆེས་ཡོད། དངོས་གནས་ཡིན།”
བདེན་པའི་གུན་གསབ་འགན་འཁྲི།
གནམ་བདེ་སྒོ་མོ་ཨ་མས་དྲུག་བཞིའི་དོན་རྐྱེན་དུས་དྲན་ཐེངས་༢༤ སྐབས་སྤེལ་བའི་གསལ་བསྒྲགས་ནང་། བསྐྱར་དུ་དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། དེ་བཞིན་རྐྱེན་འདས་སུ་སོང་བའི་གྲངས་ཀ་དང་མིང་ཐོ་ཁྱབ་བསྒྲགས་བྱས་འདུག ཁྲིམས་ལུགས་གཞིར་བཟུང་གུན་གསབ་སྤྲོད་དགོས་ཤིང་། དྲུག་བཞིའི་སྡེབ་གསོད་ལ་ཞིབ་དཔྱོད་བྱས་ཏེ། འབྲེལ་ཡོད་འགན་ཁུར་གྱི་ཉེས་ཅན་མི་སྣ་ཁྲིམས་ཀྱིས་གཅུན་དགོས། (བདེན་པ། གུན་གསབ། འགན་འཁྲི) གསལ་བསྒྲགས་ནང་འཁོད་དོན། “གནམ་བདེ་སྒོ་མོ་ཨ་མས་འཆི་ཁར་ཚེ་བསྲིངས་ཀྱི་དུས་ནམ་ཡང་ལྷོད་ཡང་གཏོང་མི་སྲིད་ཅིང་། དུས་གཏན་དུ་མཚམས་འཇོག་བྱེད་མི་སྲིད། ཆེས་མཐའ་མཇུག་ཏུ་དྲུག་བཞི་ལ་བསྐྱར་ཞིབ་ཀྱིས་གདེང་འཇོག་ཐོབ་པའི་ཚེ། འདས་པོ་ཚོའི་རྣམ་ཤེས་ད་གཟོད་ཕྱི་མའི་ཡུལ་དུ་བདེ་བར་གཟིམ་ངེས།