ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ལྷན་འཛོམས།
ཨ་རིའི་ཁེ་ལེ་ཧྥོ་ནི་ཡ་མངའ་སྡེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་འཚམས་འདྲིར་སླེབས་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་གཞིས་ཀའི་ལྷན་འཛོམས་སླེབས་ལ་ཉེ་བའི་སྐབས་འདིར། གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲིའི་གོ་སྐབས་འདི་བཟུང་སྟེ་ཨོ་བྷ་མར་ཨ་རྒྱ་གཉིས་ཀྱི་“རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་”ཡི་ནང་དོན་གཏན་འབེབས་གནང་སྲིད་པ་ཞིག་ཡིན་པ་རེད།
མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་“གཞིས་ཀའི་ལྷན་འཛོམས་”དེ་ཟླ་འདིའི་ཚེས་༧ ཉིན་གྱི་དགོང་མོ་ནས་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།
ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་གསར་འགོད་པར་ཐེངས་འདིའི་སྲིད་འཛིན་གཉིས་ལྷན་འཛོམས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱི་གཞུང་འབྲེལ་མིན་པའི་མཇལ་འཕྲད་འདི་བརྒྱུད་ནས། དོན་ཕན་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཞིག་འཛུགས་ཐུབ་པའི་རེ་བ་ཡོད་པ་རེད། ཡིན་ནའང་། ཨ་རྒྱ་ཕྱོགས་གཉིས་པོས་ཐེངས་འདིའི་ཚོགས་འདུ་དེ་ཕན་ཚུན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་སྒེར་གྱི་འབྲེལ་ལམ་འཛུགས་རྒྱུ་རྨང་གཞིའི་འོག་གཏན་ཁེལ་བྱུང་བ་ཞིག་ཡིན་པ་རེད།
རྒྱ་ནག་གི་ཨ་རིར་བཅའ་སྡོད་གཞུང་ཚབ་ཆེན་མོ་ཚེན་ཐེ་ཁེ་ཡིས་ཕྱི་ཟླ་༥ པའི་ཟླ་མཇུག་ཏུ་ཝ་ཤིན་ཊོན་དམག་དོན་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་(Center for Strategic and International Studies) ཁང་གིས་གཙོ་སྐྱོང་གནང་བའི་རྒྱ་ནག་གི་དཔལ་འབྱོར་སྐོར་གྱི་གླེང་སྟེགས་ཤིག་ཏུ་གཏམ་བཤད་སྤེལ་སྐབས་བརྗོད་རྒྱུར། ཐེངས་འདིའི་ལྷན་ཚོགས་ལ་ཞིབ་ཕྲའི་གྲུབ་འབྲས་མང་པོ་ཞིག་ཐོན་དཀའ། འོན་ཀྱང་ལྷན་ཚོགས་དེས་ང་ཚོར་མཉམ་འབྲེལ་བྱེད་བཅུག་ཏེ། མ་འོངས་པར་གྲུབ་འབྲས་དེ་ལས་མང་བ་ཐོན་སྲིད།
(Wall Street Journal)ཉིན་རེའི་ཚགས་པར་སྟེང་སྤེལ་བའི་གནས་ཚུལ་ནང་། ཞི་ཅིན་ཕིང་གི་རེ་བར་ཐེངས་འདིའི་རྒྱུན་ལྡན་མིན་པའི་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་ལྷན་ཚོགས་འདི་བརྒྱུད་ནས་ཁོང་གི་ཚབ་མཚོན་རང་བཞིན་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལངས་ཕྱོགས་སྲ་བརྟན་དུ་གཏོང་རྒྱུ་དང་། ཨ་རི་དང་མཉམ་དུ་རྣམ་པ་གསར་པའི་རྒྱལ་ཆེན་གྱི་འབྲེལ་ལམ་འཛུགས་རྒྱུ་ཡིན་པ་རེད། ཡིན་ནའང་། ཞི་ཅིན་ཕིང་དང་གཞན་ཕྱི་འབྲེལ་འགན་ཁུར་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་སུ་ཡིན་ལ་མ་ལྟོས་པར་“རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་”ཞེས་པ་ཅི་ལྟར་ཡིན་མིན་གྱི་ཞིབ་ཕྲའི་འགྲེལ་བཤད་རྒྱག་རྒྱུ་ཡོད་མ་རེད།
ཝ་ཤིན་ཊོན་བྷི་རུ་ཁིན་དམག་ཇུས་ཁང་(Brokings Institution) གི་རྒྱ་ནག་གི་གནད་དོན་ཞིབ་འཇུག་པ་རྒན་པ་ལི་ཁྲན་ཡིས་བརྗོད་པ་ལྟར་ན། རྣམ་པ་གསར་པའི་རྒྱལ་ཆེན་འབྲེལ་ལམ་ཞེས་པའི་ནང་དོན་ནི་ཨ་རྒྱའི་བར་གྱི་ཐུན་མོང་ཁེ་ཕན་གྱི་ཆེད་དུ་མཉམ་འབྲེལ་ལ་ཤུགས་སྣོན་རྒྱུ་དེ་རེད། ཁོང་གིས། “དེས་ཐོག་མར་དུས་རབས་༡༩ པའི་འཐབ་ཇུས་བསམ་བློ་དང་ཡང་ན་གྲང་དམག་སྐབས་ཀྱི་བསམ་བློ་དང་བསྡུར་ཡོད། ངོས་འཛིན་བྱེད་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ནི། ཡར་རྒྱས་འགྲོ་བཞིན་པའི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་དང་ད་ལྟའི་སྔོན་ཐོན་གྱི་རྒྱལ་ཁབ་གཅིག་རེད། ཁོང་གཉིས་ཀྱི་འབྲེལ་ལམ་ཡང་འཐབ་འཁྲུག་དང་ཡང་ན་འགྲན་རྩོད་ཀྱི་རྣམ་པ་ཞིག་རེད། ད་ལྟའི་གོ་ལ་གཅིག་གྱུར་ཅན་གྱི་འཛམ་གླིང་ནང་དུ། ང་ཚོས་དེ་ལྟ་བུའི་ལྟ་ཚུལ་དེ་ལྟ་བུ་འཛིན་མི་རུང་། ང་ཚོ་ལ་ཆེས་མང་བ་ནི་ཐུན་མོང་གི་ཁེ་ཕན་རེད།” ལི་ཁྲན་གྱིས། “དེར་བརྟེན། དེ་ནི་ཀླད་ཀོར་ཞིག་དང་རྩེད་མོ་ཞིག་མ་རེད། དེ་དང་ཕྱོགས་མཚུངས་ཕར་ཕྱོགས་ཀྱི་ཁེ་ཕན་གཙོ་བོར་གྱུར་པའི་རྒྱུས་ལོན་གང་ཐུབ་བྱེད་དགོས།”
འོན་ཀྱང་ཨ་རིའི་མཐོ་རིམ་དཔོན་རིགས་ཁ་ཤས་ཀྱིས་ངོས་འཛིན་གནང་བ་ལྟར་ན། “རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་”ཞེས་འབོད་པ་དེའི་བསྟན་དོན་གཙོ་བོ་ནི་ཨ་རིས་རྒྱ་ནག་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ནང་དང་རྒྱལ་སྤྱིའི་བརྗོད་གཞི་ལ་ཇུས་གཏོགས་མི་བྱེད་རྒྱུ་དེ་རེད།
སྲོལ་རྒྱུན་ཐེབས་རྩ་ཁང་གི་(The Heritage Foundation) ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཝལ་ཊིར་ལོ་མན་(Walter Lohman)གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རྣམ་པ་གསར་པའི་རྒྱལ་ཆེན་འབྲེལ་ལམ་ནི་ཆེས་དོ་ནན་གྱིས་དངོས་ཡོད་གནས་ཚུལ་ལ་ཁ་ཕྱོགས་ཏེ་ཨ་རྒྱ་གཉིས་ཀྱི་འགལ་ཟླ་ཐག་གཅོད་བྱེད་རྒྱུ་དེ་རེད་ཟེར། ཁོང་གིས། ང་ཚོས་ངེས་པར་དུ་གདོང་དང་གདོང་ཐུག་ནས་ཕན་ཚུན་གྱི་འགལ་ཟླ་གྲོས་མོལ་བྱེད་དགོས་པ་རེད། ཐོག་མར་ང་ཚོས་སྐད་ཆ་སྙན་པོ་རྣམས་ཟུར་དུ་འཇོག་དགོས། ང་ཚོའི་བར་གྱི་འབྲེལ་བ་དེ་ཅིའི་ཕྱིར་འདས་ཟིན་པའི་དུས་སྐབས་ཐམས་ཅད་ལས་བཟང་དུ་ཕྱིན་པ་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དུས་སྐབས་གསར་པ་ཞིག་གི་ནང་དུ་བསྐྱོད་པ་ལྟ་བུའི་སྟོང་གཏམ་སྐྱུར་དགོས། ང་ཚོར་དོན་དངོས་ཐོག་ཧ་ཅང་ཉེན་ཚབས་ཆེ་བའི་འགལ་ཟླ་ཡོད་པ་རེད། གལ་ཏེ་ང་ཚོས་དངོས་ཡོད་ཀྱི་འགལ་ཟླ་ལ་སྣང་མེད་བྱེད་པ་ཡིན་ན། ང་ཚོས་དུས་གཏན་དུ་དེ་དག་ཞི་འགྲིག་དང་ཐག་གཅོད་བྱེད་ཐབས་མེད།”
སྲོལ་རྒྱུན་ཐེབས་རྩ་ཁང་གི་རྒྱ་ནག་གནད་དོན་ཞིབ་འཇུག་པ་གཞན་ཧྲི་ཅེ་ཏོ་ཡིས་བཤད་པ་ལྟར་ན། གལ་ཏེ་ཞི་ཅིན་ཕིང་གིས་ཐེངས་འདིར་ཨ་རིའི་ཕྱོགས་ལ་ཁོང་གིས་བཤད་པའི་“རྣམ་པ་གསར་པའི་རྒྱལ་ཆེན་འབྲེལ་བ”ཡི་ཐ་སྙད་ཀྱི་འགྲེལ་བཤད་གནང་ཡིན་ན། དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ལ་སྒུལ་ཤུགས་ལྡན་པ་ཞིག་རེད། ཁོང་གིས་“གལ་ཏེ་ཞི་ཅིན་ཕིང་གིས་ཁ་གསལ་པོའི་སྒོ་ནས་ཁོང་གི་བཤད་པའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་ནི་ཇི་ལྟར་ཞིག་ཡིན་པ་བཤད་པ་ཡིན་ན། ཐེངས་འདིའི་མཇལ་འཕྲད་དེ་ནི་འགྲེལ་བཤད་ཁ་གསལ་བསྐྱོན་སའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་རེད། རྒྱུ་མཚན་ནི་ཚོགས་འདུ་དེ་འཛུགས་བསྐྲུན་རང་བཞིན་ཅན་གྱི་ཨ་རྒྱའི་འབྲེལ་བ་ལེགས་བཅོས་རྨང་གཞིའི་འོག་གཏན་ཁེལ་བྱས་པ་ཞིག་རེད།”
གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ལྷན་འཛོམས་དེ་སྔོན་དུ་འཚོག་པར་མོས་མཐུན་བྱས་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཞི་ཅིན་ཕིང་ལ་ཡིད་ཆེས་བསྐྲུན་རྒྱུ་དེ་གལ་ཆེན་པོ་རྩིས་པ་རེད། སྲིད་དབང་གི་གོ་གནས་སྲ་བརྟན་དུ་བཏང་བའི་མགྱོགས་ཚད་དེ་ཚོད་དཔག་ལས་བརྒལ་ཡོད། དེར་བརྟེན། ཨ་རིའི་ཕྱོགས་ནས་ཨོ་བྷ་མ་དང་ཞི་ཅིན་ཕིང་གི་མི་སྒེར་གྱི་འབྲེལ་བ་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལེགས་བཅོས་དང་ཡར་རྒྱས་གཏོང་རྒྱུ་དེ་རེད།