མོན་གྷོ་རུ་ནང་ཆོས་ངོ་སྤྲོད།

ཟླ་འདིའི་ཚེས་༧ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁང་གིས་ཁྱབས་ཁོངས་ཤེས་ཡོན་དང་སློབ་གསོའི་ཚོགས་ཆུང་གིས་གོ་སྒྲིག་འོག་ས་གནས་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་པ་རེད།

mundgod_2013_06_07དེ་ཡང་འབྲས་སྒོ་མང་ཧར་གདོང་ཁམས་ཚན་དབལ་ཤུལ་མི་ཚན་གྱི་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དགེ་འདུན་གྱིས་མི་མང་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཚུལ་ཇི་ལྟར་འགྲོ་དགོས་མིན་དང་།  རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ།  རྟེན་འབྲེལ་གྱི་སྒོ་ནས་མི་རྟག་པ་དང་བདག་མེད།  སྟོང་ཉིད་བློ་ལ་བསྒོམ་ཚུལ་དང་།  ལྷག་དོན་ནང་ཆོས་ལ་དད་པ་དེ་ཡང་ཤེས་ནས་དད་པ་བྱེད་དགོས་པ་སོགས་ཀྱི་སྐོར་ ངོ་སྤྲོད་གནང་ཡོད་པ་རེད།

ཁོང་གིས་གསུངས་དོན། “དེ་ཡང་སོ་སོ་མི་ཞིག་ཡིན་པ་ཙམ་དུ་མ་ཟད་བསམ་བློ་གཏོང་ཕྱོགས་ཤིག་ཡོད་པའི་ཆ་ནས་ངའི་ནང་ཆོས་སྒྲུབ་དགོས་ཀྱི་འདུག་དང་མི་འདུག་སྐོར་ལ་དང་པོ་ངེས་པར་དུ་དྲི་བ་ཞིག་ཡོང་དགོས་ཀྱི་འདུག་དྲན་གྱིན་ཡོད། ང་རང་ཚོ་ཚང་མ་ནང་པ་རེད། ཡིན་ན་ཡང་དེའི་རྒྱུ་མཚན་ལ་བསམ་བློ་གཏོང་གི་ཡོད་མ་རེད།   དེ་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད།  གལ་སྲིད་ནང་ཆོས་ལ་མ་ཞུགས་ནས་སོ་སོའི་མི་ཚེ་སྐྱེལ་བ་ཡིན་ན།  སྤྱི་ཚོགས་ནང་ལོགས་སུ་དོན་ཕན་ལྡན་པའི་ལས་ཀ་ཞིག་བྱེད་ཐུབ་མིན་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་གལ་ཆེན་པོ་རེད། དེ་ཡང་རྒྱུ་མཚན་ལྡན་པའི་སྒོ་ནས་ཐག་ཆོད་བྱེད་དགོས་པ་རེད།  གོམ་པ་གཉིས་པ་དེ་ལ་ང་ཚོའི་ནང་ཆོས་བསྒྲུབ་པ་ཡིན་ན་སྒྲུབ་སྟངས་ག་འདྲ་ཞིག་བྱེད་དགོས་པ་རེད།  དེའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་བཀའ་མང་པོ་གནང་ཚར་བ་རེད།  དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད་”ནང་ཆོས་དེ་ཤེས་པའི་ཐོག་ནས་བསྒྲུབ་དགོས་སྐོར་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་ནས་གསུངས་དོན།  “དང་པོ་ནང་ཆོས་འདི་སྦྱང་ན་ཁེ་ཕན་ག་རེ་འདུག་སྐྱོན་ཆ་ག་རེ་འདུག་གི་སྐོར་ལ་བསམ་གཏོང་དགོས་པ་རེད།   ང་ཚོ་བོད་མི་རིགས་ཡིན་པའི་ཆ་ནས་ནང་པའི་ཆོས་འདི་ང་ཚོའི་བླ་སྲོག་ནང་བཞིན་ཞིག་ཆགས་བསྡད་ཡོད་པར་ངོ་འཛིན་བྱེད་ཀྱི་ཡོད།  དེ་ག་འདྲ་ཆགས་ཡོད་པ་རེད་ཟེར་ན།  མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་འབྲེལ་བསྡད་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་འདི་རེད།  དེ་ནི་འཕགས་ཡུལ་དཔལ་ནལེནྜ་ནས་བརྒྱུད་ཡོང་བའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ང་རང་ཚོ་ནང་པའི་སྲོག་རྩ་ཞིག་ཆགས་བསྡད་ཡོད་པ་ཙམ་དུ་མ་ཟད་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་འདི་ཆགས་བསྡད་ཡོད་པ་རེད།  འཛམ་གླིང་གི་ཐོག་ང་རང་ཚོའི་ངོམ་ཆོག་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་འདི་ནི་ང་རང་ཚོའི་སྲོག་རྩ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་ལན་མང་༧སྐྱབས་མགོན་རིན་པོ་ཆེས་ཀྱང་གསུང་གི་ཡོད་པ་བཞིན་ང་ཚོའི་ཡ་རབ་སྤྱོད་བཟང་དང་དྲང་བདེན་ལྷག་བསམ་རྣམ་དག་སོགས་འདི་ལ་བརྟེན་ནས་འབྱུང་གི་ཡོད་པས། མདོར་བསྡུས་ན་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་རིག་གཞུང་ངམ་ནང་བསྟན་ཆོས་ལུགས་འདི་འཕྲོ་བརླག་སོང་བ་ཡིན་ན་བློ་ཕམ་པོ་རེད།  དེ་འདྲ་ཡིན་པས་ང་རང་ཚོ་ཚང་མའི་ངོས་ནས་ནང་ཆོས་ལ་དོ་སྣང་གནང་རོགས་”ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།