ང་ཚོས་ཕན་ཚུན་ལ་བསླབ་བྱ་ལེན་དགོས།

2013_6_12

ཉིན་འདི་གར་༧གོང་ས་མཆོག་གིས་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་། དེ་བཞིན་མང་ཚོགས་ལ་ཆོས་འབྲེལ་དང་ལམ་སྟོན་བཀའ་སློབ་གནང་བ་སོགས་ཀྱི་འཛད་འཕྲིན་སྐྱོང་གི་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་གིས་ནིའུ་ཛི་ལེན་ཌིའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་བཅུ་གཉིས་དང་མཇལ་འཕྲད་ཀྱིས་བཀའ་སློབ་གནང་སྐབས།

2013_6_12༧གོང་ས་མཆོག་གིས་ཁོང་རྣམ་པར་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་རྒྱལ་ཁབ་དང་རྒྱ་མི་རིགས་ལ་མཚོན་ན་ངོ་མཚར་ལྡན་པ་ཞིག་ཡིན། འོན་ཀྱང་དཀའ་ངལ་འཕྲད་ས་དེ་རྒྱ་ནག་གཅིག་བསྡུས་དབང་འཛིན་ལམ་ལུགས་གུ་དོག་པོ་དེར་ཐུག་ཡོད། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་བདེན་རྫུན་གྱི་རྣམ་དབྱེ་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ལྡན་ཡོད། དེར་བརྟེན་དེང་སྐབས་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་སོགས་ལ་དམ་བསྒྲགས་ བྱ་རྒྱུ་དེ་བཟང་སྤྱོད་དང་ཡོངས་སུ་འགལ་ཡོད། ཕྱོགས་མཚུངས་དེང་སྐབས་རྒྱ་ནག་ནང་ཁྲིམས་ལུགས་སྟངས་འཛིན་བྱེད་མཁན་ཁྲིམས་ཞིབ་ལས་ཁུངས་ཀྱི་ལས་དོན་གཙོ་བོ་དེ་རྒྱ་ནག་གུང་ཁྲན་ཚོགས་པའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན། དེར་བརྟེན་རྒྱ་ནག་ནང་ཁྲིམས་ལུགས་དབང་བསྒྱུར་དང་འབྲེལ་བའི་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དེ་རྒྱལ་སྤྱིའི་གནས་ཚད་ཐོག་བསླེབ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དང་།

༧གོང་ས་མཆོག་གིས་མུ་མཐུད་བོད་དོན་འཐབ་རྩོད་ཐད་བཀའ་སློབ་གནང་དོན། ང་ཚོས་རང་བཙན་རྩོད་ཀྱི་མེད། དུས་རབས་བདུན་པ་དང། བརྒྱད་པ། དགུ་པའི་སྐབས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ནི་རྒྱ་ནག་གི་ཡིག་ཆ་དེ་དག་ནང་དུའང་ཧ་ཅང་གསལ་པོ་བཀོད་ཡོད། འོན་ཀྱང་དུས་ཚོད་རིམ་བཞིན་བརྗེ་འགྱུར་འགྲོ་གིན་ཡོད། རྒྱ་གར་ལ་མཚོན་ན། དབྱིན་ཇིས་དབང་བསྒྱུར་མ་བྱས་སྔོན་རྒྱ་གར་ནང་རྒྱལ་ཕྲན་སིལ་བུ་ཆེ་ཆུང་མང་པོ་ཡོད། རྒྱལ་ཕྲན་སིལ་བུ་དེ་དག་གིས་སོ་སོའི་ས་གནས་ཐོག་རང་བཙན་གྱི་ངོ་བོའི་ཐོག་ནས་དབང་བསྒྱུར་བྱས་ཡོད། འོན་ཀྱང་རང་བཙན་ཐོབ་རྗེས་རྒྱལ་ཕྲན་སིལ་བུ་ཡོངས་རྫོགས་ཟླ་སྒྲིལ་བཏང་ནས་རྒྱ་གར་ཞེས་རྒྱལ་ཁབ་གཅིག་ཆགས་ཡོད། དེ་ལྟར་ནའང་རྒྱ་གར་ནང་ལུང་མཚན་འདྲ་མིན་ཡོད་པ་དེ་དག་ནང་སོ་སོའི་སྐད་ཡིག་དང་རིག་གཞུང་དེ་དག་རྒྱུན་སྐྱོང་ཐོག་ནས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་སྤོ་བཞིན་ཡོད།

ང་ཚོ་བོད་མི་ཚོ་ལའང་ཡར་རྒྱས་དགོས། དེང་སྐབས་བོད་མི་ཚོས་ཉེན་ཁར་མ་འཛེམས་པར་ནུབ་ཕྱོགས་སུ་འགྲོ་བཞིན་ཡོད། ཁོང་ཚོས་ནུབ་ཕྱོགས་སུ་ལས་ཀ་དང་དཔལ་འབྱོར་ལས་ཆོས་དོན་དུ་གཉེར་ཆེད་འགྲོ་གི་མེད། དེར་བརྟེན་གལ་ཏེ་ང་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ གསལ་བ་ལྟར། བོད་མི་ཚོར་དོན་དམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་སྟེ། བོད་མི་ཚོས་རང་གི་ཆོས་དང་རིག་གཞུང། སྐད་ཡིག སོགས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ནས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཡང་ཡོད་ཅེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་དྲི་བ་ཁག་ཅིག་ལ་བཀའ་ལན་ཡང་གནང་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༡༡ ཉིན་༧གོང་ས་མཆོག་ནིའུ་ཛི་ལེན་ཌིའི་ དུ་ནེ་དིན་ Dunedin གྲོང་ཁྱེར་ནང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཁུལ་དེའི་གྲོང་སྡེའི་ཚོགས་ཁང་ནང་ (Town Hall) ཁྱོན་མི་གྲངས་༢༡༠༠ བརྒལ་བར་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད་ (Ethics for a Whole World) སྐོར་བཀའ་སློབ་གནང་དོན། དེ་རིང་ངོས་རང་འདི་གར་བཅར་ཏེ་ཁྱེད་ཚོ་ཐུག་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་སེན་པོལ་ཡི་ཤུའི་མཆོད་ཁང་ནང་ (St. Paul’s Cathedral) ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་ལྷན་སྨོན་ལམ་བརྒྱབ་སྟེ་དེ་རིང་ཉིན་མོ་འགོ འཛུགས་བྱས་པ་ཡིན། ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་དགོས། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ས་གནས་དང་དུས་ཚོད། དེ་བཞིན་མི་ཚེ་སྐྱེལ་སྟངས་ཀྱི་ལམ་ལུགས་འདྲ་མིན་འོག་རིམ་བཞིན་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ནའང་གཞི་རྩའི་དམིགས་ཡུལ་གཅིག་པ་ཡིན། དེར་བརྟེན་ང་ཚོས་ཕན་ཚུན་བསླབ་བྱ་ལེན་དགོས། ང་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་བདག་གཅེས་བྱས་པ་དང་དུས་མཚུངས་ཆོས་ལུགས་ གཞན་ཤེས་ནས་གུ་བརྩི་ཞུ་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས་གཙུག་ལག་སློབ་དཔོན་སྐུ་ཞབས་ལོ་ཡི་ཌི་ཇེ་རིང་མཆོག་གི་དྲི་བར་བཀའ་ལན་གནང་སྐབས། འདས་པའི་དུས་སྐབས་སུ་ཆོས་བེད་སྤྱོད་ལོག་པ་བྱས་རྐྱེན་ཆོས་ལུགས་ལ་ལྟ་ཚུལ་ཞིག་ཡོད། དེ་ནི་བཟང་སྤྱོད་མ་འདང་བའི་རྐྱེན་གྱིས་ཡིན། ལྐོག་ཟ་རུལ་སུངས་དང་ཐུབ་ཚོད། གཞན་མགོ་སྐོར་སླུ་ཁྲིད་བྱ་རྒྱུ་སོགས་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་རེད། དེར་བརྟེན་བཟང་སྤྱོད་ཀྱིས་མི་ཚེ་དྲང་ཚུགས་ལྡན་པའི་ཐོག་ནས་སྐྱེལ་ཐུབ་ཀྱི་ཡོད། དྲང་པོ་བྱས་ན་གཞན་གྱི་ཡིད་ཆེས་དང་ཆ་འཇོག་བྱ་རྒྱུ་རེད། དྲང་བདེན་ནི་མཛའ་བརྩེའི་འབྲེལ་ལམ་གྱི་རྨང་གཞི་ཡིན། བྱམས་བརྩེའི་བསམ་པའི་ཐོག་ནས་མཛའ་བརྩེའི་འབྲེལ་ལམ་རྒྱུན་ཁྱོངས་བྱེད་ཐུབ། ང་ཚོར་བྱམས་བརྩེའི་ས་བོན་འདེབས་མཁན་དེ་རང་གི་སྐྱེད་མ་ཡིན་པ་ལས་ཆོས་མིན། ང་ཚོ་ཚང་མ་མ་ལས་བསྐྱེས་པ་ཡིན་སྟབས། མའི་བྱམས་སྐྱོང་འོག་འཚོ་ཡོད། མའི་བྱམས་བརྩེ་ཇི་ཙམ་མང་བ་ཐོབ་པ་དེ་ཚོས་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་མཐུན་རྐྱེན་མང་བ་ཡོད། མའི་བྱམས་བརྩེ་དེ་ཙམ་མ་ཐོབ་པ་རྣམས་དང། ལྷག་པར་ཆུང་དུས་གཞན་གྱིས་ཐུབ་ཚོད་འོག་འཚར་ལོངས་བྱས་པའི་མི་དེ་མི་གཞན་ལ་ཡིད་ཆེས་བྱེད་མ་ཐུབ་པ་དང། སེམས་ནང་འཇིགས་སྣང་གི་ཚོར་བ་ཆེན་པོ་ཡོད། དེའི་རྐྱེན་མི་ཚེའི་ནང་དཀའ་ངལ་འཕྲད་རྒྱུ༜་ཡིན། བརྩེ་བ་ནི་བྱམས་བརྩེའི་ས་བོན་ཡིན། ང་ཚོའི་ལུས་དེ་ཡང་བརྩེ་བ་ལ་བརྟེན་ནས་འཚོ་དགོས་པ་ཞིག་ཆགས་ཡོད།ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག་པ་དང་། ཕྱི་ཚེས་༡༢ ཉིན་༧གོང་ས་མཆོག་ཨོག་ལེན་ཌིར་Auckland ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད།