རྒྱ་གཞུང་གིས་ཧྥ་རན་སིའི་གསར་འགོད་པར་སྡིག་ར་བསྐུལ་བ།

རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༢ ཉིན་སྤེལ་བའི་གནས་ཚུལ་ནང་། ཧྥ་རན་སིའི་རྒྱལ་སྤྱིའི་གསར་འགྱུར་བརྙན་འཕྲིན་“ཆུ་ཚོད་༢༤ བརྒྱུད་ལམ་”གྱི་གསར་འགོད་པ་ཕེ་ཡན་གྱིས་བརྗོད་པ་ལྟར་ན།

ཁོང་བོད་དུ་སོང་སྟེ་བཅར་འདྲི་བྱས་པའི་བརྙན་འཕྲིན་ལེ་ཚན་དེ་བརྒྱུད་གཏོང་བྱས་པའི་རྗེས། ཁོང་ལ་རྒྱ་ནག་གི་དཔོན་རིགས་ཀྱིས་སུན་གཙེར་དང་སྡིག་ར་བསྐུལ་ཡོད་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་གནད་དོན་དེའི་སྐོར་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག

ཕྱི་ཟླ་༥ པའི་ཚེས་༣༠ ཉིན་ཧྥ་རན་སིའི་ཆུད་ཚོད་༢༤ བརྒྱུད་ལམ་གྱིས་བོད་ནང་ཉིན་གྲངས་བདུན་ཞེས་པའི་བཅར་འདྲིའི་གློག་བརྙན་ཚན་པ་དེ་བསྟན་ཡོད་པ་དང་། གློག་བརྙན་ཚན་པ་དེ་ནི་གསར་འགོད་པ་ཕེ་ཡན་གྱིས་ཟླ་བརྒྱད་རིང་ཐོངས་མཆན་ཐོབ་ཆེད་སྙན་ཞུ་ཐེངས་མང་ཕུལ་བའི་རྗེས། ཆེས་མཐའ་མར་ཉིན་གྲངས་༧ བདུན་རིང་བོད་དུ་བསྐྱོད་ཆོག་པའི་ཐོངས་མཆན་རག་ཡོད་པ་ཞིག་ཡིན་འདུག་པ་དང་། བོད་ནང་དུ་བསྐྱོད་རྗེས་གསང་བའི་ཐོག་ནས་བརྙན་པར་དེ་དག་བླངས་པ་ཞིག་ཡིན་ཞིང་། བོད་ཀྱི་གྲོང་ཁྱེར་ལྷ་སའི་ནང་གི་བོད་མི་ཁག་ཅིག་ལ་བཅར་འདྲི་བྱས་ཏེ་རྒྱ་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་པ་ལས་ལྡོག་པའི་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་བྱས་ཡོད་པར་བརྟེན། རྒྱ་ནག་གི་ཧྥ་རན་སིར་བཅའ་སྡོད་གཞུང་ཚབ་མི་སྣ་བརྙན་འཕྲིན་ལས་ཁུངས་ཨ་མའི་ནང་དུ་སླེབས་ཏེ་གློག་བརྙན་ཚན་པ་དེ་ནག་བསུབ་བཏང་དགོས་ལུགས་བཤད་ཡོད་ཀྱང་། བརྙན་འཕྲིན་ལས་ཁུངས་ཀྱིས་ཁས་ལེན་བྱས་མེད་པ་རེད་འདུག

གསར་འགོད་པ་ཕེ་ཡན་ཁོང་རང་གནས་སྡོད་བྱེད་སའི་གྲོང་ཁྱེར་བྷེང་ཀོག་ལ་འབྱོར་བའི་རྗེས། རྒྱ་ནག་གི་བྷེང་ཀོག་གཞུང་ཚབ་ཁང་གིས་ཁོང་ལ་ཁ་པར་སླེབས་ཏེ་གཞུང་ཚབ་ཁང་དུ་ཡོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ཁོང་གིས་མགྲོན་ཁང་དུ་ཐུག་འཕྲད་བྱེད་ཆོག་ལུགས་བཤད་སྐབས་ཨུ་ཚུགས་ཀྱིས་གཞུང་ཚབ་ཁང་དུ་ཐུག་འཕྲད་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།
དེའི་རྗེས་སུ་ཁོང་ལ་ངོ་མི་ཤེས་པའི་མིས་ཁ་པར་སླེབས་པ་དང་འཕྲིན་ཐུང་བསྐུར་ནས་སྡིག་ར་བསྐུལ་བ་སོགས་བྱུང་ཡོད་འདུག་པ་དང་། དེའི་ཁྲོད་དུ་རྒྱ་ནག་གི་ཐའེ་ལན་ཌེ་བཅའ་སྡོད་གཞུང་ཚབ་ཁང་གི་བུད་མེད་ལས་བྱེད་ཅིག་གིས་ཁ་པར་ནང་སྐད་བསྐུར་ཏེ་ཕེ་ཡན་ལ། རྒྱ་ནག་གཞུང་ཚབ་ཏུ་ཐུག་འཕྲད་ཁས་ལེན་བྱེད་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་ཚེ་མཇུག་འབྲས་འགན་ཁུར་དགོས་སྐོར་བརྗོད་ཡོད་པ་རེད།