གཅིག་སྒྲིལ་འཚོལ་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༢ ཕྱི་ལོ་ ༢༠༡༣/༦/༡༢
བོད་ཕྱི་ནང་གཉིས་སུ་དེང་སྐབས་འབོད་ཚིག་གལ་ཆེ་ཤོས་ལྟ་བུ་དེ་བོད་མི་ཚང་མས་རྡོག་རྩ་“གཅིག་སྒྲིལ་”བྱེད་དགོས་ཟེར་བ་དེ་རེད། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འབོད་ཚིག་དེ་ནི་ཆབ་སྲིད་པ་དང་།
ལས་འགུལ་བ། ཆོས་པ། མི་མང་དཀྱུས་མ་བཅས་ཀྱི་ངག་ཏུ་གོམས་ཤིང་བརྗོད་བདེ་བའི་སྐད་ཆ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རྡོག་རྩ་“གཅིག་སྒྲིལ་”གྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་དགོས་པ་དེ་གཏམ་བཤད་ཀྱི་སྙིང་དོན་ལྟ་བུ་ཆགས་ཡོད་ཅིང། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེའི་གཞི་རིམ་ལྟ་གྲུབ་གསུམ་གྱི་དང་པོ་ཡང་འདི་ཉིད་ཡིན། འོན་ཀྱང་བཙན་བྱོལ་བོད་མི་ཕལ་མོ་ཆེས་རྡོག་རྩ་“གཅིག་སྒྲིལ་”བྱེད་ཕྱོགས་ལ་གོ་བ་ལེན་སྟངས་འདྲ་མིན་ཡོད་ལ། གོང་ནས་མི་མང་གི་སྣེ་ཁྲིད་གནང་མཁན་གྱི་ནང་དུའང་འགྲེལ་བརྗོད་འདྲ་མིན་བྱེད་མཁན་ཡོད།
ཉན་བཞིན་ཉན་བཞིན་ནང་དོན་རྟོགས་དཀའ་བ་དང། བསམ་བཞིན་བསམ་བཞིན་སེམས་ལ་ཤོང་དཀའ་བའི་“གཅིག་སྒྲིལ་”ཞེས་པའི་འབོད་ཚིག་དེ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སླེབས་ཡོང་སྐབས་མཐར་གཏུག་ན་ང་དང་ཁྱོད་ཅེས་པའི་དབྱེ་མཚམས་གསལ་པོ་བཟོ་བ་དང། ལངས་ཕྱོགས་འདྲ་མིན་གྱི་རྩོད་པའི་བར་ནས་མདོར་བསྡུས་ན་“གཅིག་སྒྲིལ་”ཞེས་པ་ཁྱེད་དང་ཁྱེད་ཀྱི་ལྟ་ཚུལ་དེ་གཡུགས་དགོས་པའི་དོན་ཡིན། གལ་སྲིད་མ་གཡུགས་ན་ཤ་ཁ་ཁ་དང་གྲི་སོ་སོ་ཡིན་པའི་དོན་དུ་གོ་བཞིན་ཡོད་ལ། ལྷག་པར་བཙན་བྱོལ་བོད་པའི་མི་ལོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། གནད་དོན་མང་པོ་ཞིག་གི་ཐོག་ལ་དབྱེ་མཚམས་གསལ་པོ་བཟོ་རྒྱུ་མང་དྲགས་པ་ཧ་ཅང་གསལ་པོར་གྱུར་ཡོད།
དེ་ཡང་གནད་དོན་ཚང་མ་རྟག་བརྟན་གྱི་རང་བཞིན་ཅན་ཞིག་ཡིན་མི་སྲིད་པ་བཞིན། འདས་པའི་མི་ལོ་༣༠ དང་༤༠ ཡི་སྔོན་དུ་སྡུག་ཤོས་སུ་བརྩི་བཞིན་པའི་ལངས་ཕྱོགས་འཛིན་མཁན་དེ་དག ད་ལྟའི་དུས་འདིར་དཀར་ཕྱོགས་པ་དང་སྔོན་ཐོན་ཅན་རྒྱལ་གཅེས་པ་ཡིན་ལ། སྐབས་དེ་དུས་ཀྱི་རྒྱལ་གཅེས་པ་སྔོན་ཐོན་པ་ཁག་ཅིག་དེང་སྐབས་མི་ངན་དང་ནག་ཕྱོགས་ཀྱི་གྲས་སུ་ཚུད་ཟིན། མི་མང་དཀྱུས་མ་མང་པོ་ཞིག་འདི་ལྟ་བུའི་གནད་དོན་འོག་ནས་ནང་ཁུལ་ཕྱོགས་ཁག་དང། ཁ་གཏད། དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ལ་དགྲ་ཕྱོགས་དང་རང་ཕྱོགས་ཀྱི་འགལ་ཟླར་བརྩི་མཁན་ཡོད་ལ། དོན་དམ་པར་ད་བར་ཕྱོགས་ཁག་གི་འགལ་ཟླ་དེའི་ནང་ནས་ཐར་ཐུབ་མེད། འོན་ཀྱང་གནད་དོན་འདི་དག་གི་སྣེ་མོ་ན་འཁྲབ་བཞིན་པའི་སྲིད་དོན་པ་དག་གི་འབོད་ཚིག་ཀྱང་“གཅིག་སྒྲིལ་”ཁོ་ན་ཡིན།
ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་པ་ཁག་ཅིག ཚོགས་ཆེན་གྱི་ཕྱི་ལ་ཐོན་ནས་ཉིན་གསུམ་རིང་ཚོགས་ཞུགས་བྱས་མེད་པ་དང། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱས་ཟིན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན། མཉམ་ཞུགས་བྱ་རྒྱུ་མིན་ཚུལ་སོགས་ངོ་རྒོལ་གྱི་རྣམ་པ་བསྟན་པ་རེད། སྤྱིར་ཆབ་སྲིད་ཀྱི་རྣམ་འགྱུར་དེ་ལྟ་བུ་བསྟན་པ་དེ་མི་འོས་པ་ཞིག་མིན་ནའང། དེ་ལ་བརྟེན་ནས་མ་འོངས་པར་གཞོན་ནུ་ལྷན་ཚོགས་དེ་ཕྱོགས་ཁག་གཉིས་སུ་འགྱུར་སྲིད་པ་དེ། བཙན་བྱོལ་བོད་པའི་ལོ་རྒྱུས་ཀྱི་གནས་བབས་དང། མང་གཙོའི་གོ་རྟོགས་དང་ལག་ལེན་སོགས་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གསལ་པོ་རེད། ད་དུང་ད་ལན་གྱི་ཚོགས་ཆེན་དེའི་ཐོག་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་ཚོགས་པ་སྒྲིག་འཛུགས་རེ་ཟུང་མིང་བཟུང་སྐད་བཟུང་གིས་འབྲེལ་བ་མི་བྱེད་རྒྱུའི་གྲོས་ཆོད་བཞག་པ་ལྟ་བུ་ཡང་“གཅིག་སྒྲིལ་”གྱི་གཞི་རྩ་ཞིག་མིན་པ་ཧ་ཅང་གསལ་པོ་རེད།
དེར་བརྟེན་བཙན་བྱོལ་ནང་གི་“གཅིག་སྒྲིལ་”ཞེས་པའི་མིང་ཚིག་དེ་ཀུན་གྱི་ཁ་རུ་གོམས་ཡོད་པའི་མིང་ཚིག་ཅིག་ཡིན་ནའང། ཀུན་གྱིས་ལག་ལེན་དུ་མི་འཁེལ་བའི་ཁ་གཡང་སྟོང་པ་ཞིག་རེད་ཅེས་བརྗོད་ན་ཅུང་ཐལ་དྲགས་སྲིད་ཀྱང། བལྟ་སྟངས་འདི་ལ་བདེན་དོན་གཏན་ནས་མེད་པ་ཞིག་ག་ལ་ཡིན། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་གི་“གཅིག་སྒྲིལ་”ཞེས་པའི་མིང་ཚིག་གི་གོ་དོན་དང་ལག་ལེན་གྱི་ཐོག་ལ་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པ་གསལ་པོ་ཡིན་པ་དང། ལྷག་པར་དུ་མང་གཙོ་ཅན་གྱི་སྤྱི་ཚོགས་ཤིག་གི་ངོས་ནས་“གཅིག་སྒྲིལ་”གྱི་གོ་དོན་ཐོག་ལ་དེ་བས་ཀྱང་བལྟ་སྟངས་མི་འདྲ་བ་ཞིག་ཡོད་དགོས་པ་དེ་ཧ་ཅང་གསལ་པོ་རེད། མི་མང་ཚང་མའི་བསམ་ཚུལ་གཅིག་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་པ་ཡོང་ཐབས་མེད་པ་དང། དེ་ལྟར་ཡོང་ཐབས་བྱས་ན་ཕྱིའི་རྣམ་པའི་ཐོག་ནས་ཡོང་ཐུབ་པའི་དབང་དུ་བཏང་ཡང་ནང་བསམ་བློའི་ནང་ནས་ཡོང་ཐབས་མེད་པ་ཧ་ཅང་གསལ་པོ་རེད།
མདོར་བསྡུས་ན་ལངས་ཕྱོགས་མི་མཐུན་ཡང་ཐུག་འཕྲད་བྱེད་པ་དང་བགྲོ་གླེང་བྱེད་པ་དེ་དག་ལ་བརྟེན་ནས་ནང་བསམ་བློའི་བར་ཐག་ཐུང་དུ་འགྲོ་བར་ཕན་པ་ལས། བར་ཐག་རིང་དུ་འགྲོ་བཞིན་པའི་ཚོར་སྣང་ལ་བརྟེན་ནས་ཐུག་འཕྲད་དང་བགྲོ་གླེང་གི་གོ་སྐབས་མེད་པ་བཟོས་ན། དེ་ནི་དོན་དངོས་ཐོག་བསམ་བློའི་བར་ཐག་རིང་དུ་གཏོང་བ་ཁོ་ན་ལས་བར་ཐག་ཐུང་དུ་འགྲོ་བའམ། རྡོག་རྩ་“གཅིག་སྒྲིལ་”ཡོང་བའི་ཆ་རྐྱེན་དང་མཚོན་རྟགས་ཤིག་རྩ་བ་ཉིད་ནས་མིན། ང་ཚོའི་རྡོག་རྩ་“གཅིག་སྒྲིལ་”གྱི་འབོད་ཚིག་དང་དོན་དངོས་ལག་ལེན་གཉིས་མཉམ་དུ་འགྲོ་ཐུབ་པར་འབད་བརྩོན་མ་བྱས་ན། རིམ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་བར་རང་དོན་གལ་ཆུང་དུ་བརྩིས་ནས་སྤྱི་དོན་བསྒྲུབས་པའི་མི་སྣ་གང་མང་ཞིག་ཁ་འཐོར་དགུ་འཐོར་དུ་འགྱུར་སྲིད་པ་དང། དེ་ལ་བརྟེན་ནས་བོད་ཀྱི་རྩ་དོན་ལའང་ཤུགས་རྐྱེན་ཐེབས་ངེས་པ་རེད། གནད་དོན་འདིའི་ཐད་བོད་གཞུང་དང་མི་མང་ཚང་མས་ཐུགས་ཞིབ་ངེས་པར་དུ་གནང་དགོས་པ་ཞིག་ཏུ་མཐོང།།