ལྷོ་ཕྱོགས་དགའ་ཤར་དུ་རིག་གནས་བགྲོ་གླེང་།
ཕྱི་ཟླ་༦ ཚེས་༡༥ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་མཁའ་ཁུལ་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་ཡོད་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་གོ་སྒྲིག་འོག་༼རིག་གནས་བགྲོ་གླེང་༽གི་མཛད་སྒོ་ཞིག་དགའ་ཤར་སློབ་གྲྭའི་འདུ་ཁང་ནང་འཚོགས་ཡོད་པ་རེད།
ཉིན་དེའི་སྔ་དྲོ་མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་དང་ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་རྣམ་གཉིས་ཀྱི་གཙོས་དགའ་ཤར་གྲྭ་ཚང་གི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་དགའ་ཤར་སློབ་གྲྭའི་དགེ་སློབ་ཡོངས་མཉམ་ཞུགས་གནང་ཡོད་པ་རེད།
དེ་ཡང་ཐོག་མར་སྐུ་མགྲོན་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་སྒྲོན་འབུལ་དང་། དེ་ནས་སྐུ་མགྲོན་དང་དགེ་སློབ་ཡོངས་ཀྱིས་བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གཏོང་གནང་གྲུབ་རྗེས། བོད་སྟན་སྲིད་མི་རིགས་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ཀྱི་རྒྱལ་ཞེན་དང་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་དང་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་མྱ་ངན་ངག་བཅད་ཞུས་གནང་སོང་།
དེ་ནས་སྐུ་མགྲོན་དང་སློབ་ཕྲུག་ཡོངས་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྲུབ་པ་དང་། དགའ་ཤར་སློབ་གྲྭའི་སློབ་སྤྱི་དགེ་བཤེས་རྒྱལ་མཚན་དབང་འདུས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བགྲོ་གླེང་འཚོགས་དགོས་དོན་སྐོར་གསུངས་སྐབས། ང་རང་ཚོར་༧གོང་ས་མཆོག་གིས་དུས་ནས་དུས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པའི་ཕྱུག་པོ་ཞིག་ཡོད་བསྡད་པ་དེ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུ་ཙམ་མ་ཟད། དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་བསྐྱེད་དགོས་པ་དེ་ཡང་ཡང་བཀའ་ཕེབས་བསྡད་ཡོད་རེད། དེ་གཞི་འཛིན་ས་གཅིག་རེད། ལྷག་པར་དུ་འཛམ་གླིང་གི་ལོ་རྒྱུས་ཀྱི་སྨྲ་བ་མང་པོ་ཞིག་གིས་ མི་རིགས་གང་ཞིག་ལོ་རྒྱུས་ཀྱི་ཐོག་ཡུན་རིང་གནས་དགོས་ན་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གཏོང་དགོས་ཅེས་བཤད་ཡོད་པ་རེད། དེ་ཙམ་དུ་མ་ཟད་རང་ཅག་བོད་གངས་ཅན་པའི་སྐད་ཡིག་དང་རིག་གཞུང་ལ་ཧ་ཅང་ཐུགས་འགན་བཞེས་མཁན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བླ་སྤྲུལ་དང་ཤེས་ཡོན་པ་དེ་བཞིན་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་མང་དག་ཞིག་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཤུགས་ཆེན་གནང་བ་ལ་བརྟེན་ནས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་འོག་ནས་དཀའ་སྡུག་ཚད་མེད་མྱངས་ཡོད་སྐོར་དང་། ཆོས་དང་རིག་གཞུང་སློབ་གཉེར་དགོས་སྐོར་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་གྱིས་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་དམིགས་ཡུལ་བཞིན་འདིར་ལྟར་བགྲོ་གླེང་གོ་སྒྲིག་གནང་བ་ཧ་ཅང་བསྔགས་འོས་སུ་འགྱུར་བ་ཞིག་རེད་ཅེས་སོགས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གྱིས་བགྲོ་གླེང་དང་འབྲེལ་བའི་བླང་དོར་གསུང་བཤད་གནང་སྐབས། སྤྱིར་བཏང་རང་གི་སྐད་ཡིག་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་སྐད་ཡིག་གཞན་དག་ཀྱང་སྦྱང་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སྐད་ཡིག་གིས་ཕུང་པ་ཡིན་ན་དུས་རབས་འདིའི་ནང་ཆོས་དང་ཆབ་སྲིད་ཀྱི་བགྲོ་གླེང་དང་བསམ་ཚུལ་རྗེ་རེས་སོགས་ཕྱོགས་མང་པོ་ཞིག་ནས་མཐུས་ཤོར་ཏན་ཏན་འགྲོ་ཡི་རེད། བོད་ཀྱི་སྐད་ཡིག་འདིའི་ནང་བརྡ་སྤྲོད་ཀྱི་རྣམ་བཞག་ཧ་ཅང་གི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་པ་ཙམ་དུ་མ་ཟད། ཚེ་འདི་ཕྱི་གཉིས་ལ་ཕན་འབྲས་ཡོད་པའི་སྐད་ཡིག་ཅིག་ཡིན་སྐོར་ངོ་སྤྲོད་གནང་སོང་།།
མོན་གྷོ་གསར་འགོད་པས།