ཅིང་ཊན་ཨན་གྱིས་ཞི་ཅིན་ཕིང་ལ་ཕུལ་བའི་གློག་འཕྲིན།
གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བྱང་ཀོ་རི་ཡའི་དབུ་ཁྲིད་ཅིང་ཊན་ཨན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་གློག་འཕྲིན་ཞིག་ཕུལ་སྟེ། ཞི་ཅིན་ཕིང་གི་ལོ་༦༠ སྐྱེས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད།
རྒྱ་ནག་དང་འབྲེལ་ལམ་སྲ་བརྟན་འཛུགས་རྒྱུའི་རེ་སྒུག་བྱེད་བཞིན་པ་དང་། རྒྱ་ནག་དང་བྱང་ཀོ་རི་ཡའི་བར་གྱི་འབྲེལ་བ་མི་རབས་ནས་མི་རབས་བར་ཡར་རྒྱས་དང་རྒྱུན་འཁྱོངས་བྱེད་རྒྱུ་ཞེས་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས་དཔྱད་བརྗོད་བྱེད་པ་ལྟར་ན། ཉེ་བའི་ཟླ་ཤས་རིང་། བྱང་ཀོ་རི་ཡས་མུ་མཐུད་དུ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་ལ་བརྟེན་ནས། རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱ་ནག་གིས་བྱང་ཀོ་རི་ཡའི་ཐོག་འཛིན་པའི་སྲིད་ཇུས་དེ་སྔར་ལས་ཅུང་མཁྲེགས་སུ་སོང་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཉེས་ཆད་ལ་ཡང་མོས་མཐུན་བྱས་ཡོད་པ་རེད།
མི་རིང་བའི་སྔོན། ཅིང་ཊན་ཨན་གྱིས་དམིགས་བསལ་སྐུ་ཚབ་ཚཱན་ལིང་ཧེ་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དེ། ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་པ་སོགས། བྱང་ཀོ་རི་ཡས་རྒྱ་ནག་ལ་མཛའ་གྲོགས་ཀྱི་རྣམ་འགྱུར་བསྟན་པའི་སྔོན་འགྲོ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།