༧གོང་ས་མཆོག་གི་དགོངས་གཞི་ལྟར་ལས་དོན་སྒྲུབ་བཞིན་ཡོད།

chushi1_2013_6_16ཁ་སང་ཞོགས་པར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་༥༥ འཁོར་བའི་དུས་དྲན་ཐེངས་༥༤ པ་དེ་བཞུགས་སྒར་དྷ་སར་སྲུང་བརྩི་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧།༣༠ ཐོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་༥༥ འཁོར་བའི་དུས་དྲན་ཐེངས་༥༤ པ་བཞུགས་སྒར་ངྷ་སའི་ལྷ་རྒྱལ་རིར་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་ཀ་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་གངས་ལྷ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་བཅས་དང་། དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་མདོ་སྟོད་མི་མང་བཅས་མཉམ་འཛོམས་བྱས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་ཚོ་དང་མི་མང་གིས་༧གོང་ས་མཆོག་དང་། དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་གཉིས་ཀྱི་སྐུ་པར་ལ་ཁ་བཏགས་བསྒྲོན་གནང་སོང་ལ། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་ད་ལྟ་རྒྱ་གཞུང་གི་མནར་གཅོད་མྱོང་བཞིན་པ་ཚོར་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་རིང་བྱས་སོང་།

chushi3_2013_6_16དེ་ནས་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་དབུས་རྒྱུན་གོ་བོ་བློ་བཟང་ཕན་བདེས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་ཆུ་སྒང་གི་སྔོན་མའི་ལོ་རྒྱུས་སྐོར་འཁོད་དོན།  “སྒྲིག་འཛུགས་འདི་དབུ་བརྙེས་པ་ནས་བཟུང་ཨ་རིའི་གསང་བའི་ལས་ཁུངས་དང་གསང་འབྲེལ་བྱས་ཏེ་གོ་མཚོན་སོགས་དམག་མཁོའི་ཡོ་བྱད་དང་དམག་སྦྱོང་སོགས་ཀྱི་མཐུན་རྐྱེན་འོག གསང་བའི་ཏར་འཕྲིན་ཚོགས་ཆུང་རིམ་འཛུགས་ཀྱིས། གནམ་ས་གཉིས་ནས་གསང་བའི་འཇབ་དམག་ཐེངས་མང་བརྒྱབ་པའི་སྔ་རྗེས་སུ། རྒྱ་ནག་སྲིད་གཞུང་སྐད་ངན་ཤོར་དགོས་པ་བཟོས་པའི་ལོ་རྒྱུས་ཐུང་ཐུང་དང་ཉུང་ཉུང་མིན་ལ། གནས་ཚུལ་དེའི་གྲས་ཨ་རི་རང་ནས་བྲིས་པའི་གསང་བའི་འཇབ་དམག་གི་སྒྲིག་འཛུགས་དང་མེ་ཏོག་པདྨའི་མིག་ཆུ་སོགས་ལ་བལྟས་ན་ཤེས་ཐུབ་པ་དང། ལྷག་པར་དུ་བོད་ཀྱི་བྱང་ཁུལ་ཁག་ཏུ་དགྲ་ཐེངས་བཅོ་བརྒྱད་དང། ལྷོ་ཁུལ་ཁག་ཏུ་དགྲ་ཐེངས་སོ་བཞི་བརྒྱབ་པའི་ལོ་རྒྱུས་རེ་རེ་བཞིན། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། དགྲ་ནག་པོ་བསྟོད་ན་བསྟོད་དངོས་ཡིན་ཞེས་པའི་དཔེ་ལྟར་རྒྱ་ནག་རང་གིས་བྲིས་པའི་ངོ་ལོག་ཇག་པ་ཞོད་འཇགས་གཏོང་བའི་དངོས་བྱུང་ལོ་རྒྱུས་ནང་གསལ་པོ་འཁོད་ཡོད་པ་ལས་ཤེས་ཐུབ།

ས་ཕག་དུས་འགྱུར་འོག གནམ་ས་མགོ་རྟིང་བསློགས། རང་ཡུལ་དགྲ་ལག་ཤོར། མི་ཡུལ་ས་མཐར་འཁྱམས། གནམ་སྔོན་པོས་ས་རྡུངས། མི་སྲིད་སྲིད་པའི་ཡོ་ལངས་འཁྲུགས་པའི་དུས་སྐབས་སུའང་ཁ་བ་གངས་ཅན་ལྗོངས་ཀྱི་ལྷ་སྐལ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་བ་སྤུ་ཙམ་ལའང་ཉེ་ཞོ་མེད་པར་དབུས་འགྱུར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་མ་ཟད། རིས་སུ་མ་ཆད་པའི་ཆོས་ལུགས་ཁག་གི་བླ་ཆེན་དང། སེར་སྐྱ་རིས་མེད་ཀྱི་བོད་འབངས་ཁྲི་ཁྲག་དུ་མ་བཙན་བྱོལ་དུ་བདེ་འབྱོར་ཐུབ་པའང་བྱུང་ཡོད”་ཅེས་དང་།

chushi_2013_6_16གསུང་འཕྲིན་དེའི་ནང་མུ་མཐུད་ད་ལྟའི་གནས་སྟངས་སྐོར་འཁོད་དོན། “ལྷག་པར་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་བ་དང། བཙན་བྱོལ་བོད་གཞུང་གི་མཚན་བྱང་ཡང་བོད་མིའི་སྒྲིག་འཛུགས་ཞེས་པར་འགྱུར་བ་ཐེབས་ཏེ། བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བྱུང་བཞིན་པའི་སྐབས་དེར། མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཕྱི་ལོ་༢༠༡༡ ཟླ ༦ ཚེས་༡༧ ནས་༡༨ བར་མོན་གྷོ་འདོད་རྒུ་གླིང་དུ་ཚོགས་ཆེན་ཐེངས་༡༩ པ་ཚོགས་བསྐོང་གནང་སྟེ། སྤྱི་མོས་གྲོས་ཆོད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞིའི་དགོངས་དོན་ལྟར། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འགལ་མེད་ཀྱིས་ལས་དོན་ཁག་མུ་མཐུད་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། དམིགས་བསལ་ཉེ་ཆར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་གསུང་འཕྲིན་རིན་པོ་ཆེ་སྤྱི་སྩལ་དང། དེའི་རྗེས་འབྲེལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུ་འཕར་མའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་ཇི་སོང་ཁག་གི་དགོངས་དོན་ལ། འཕྱར་གྲུ་མཉམ་འདེགས་ཀྱིས་མང་གཙོ་གོང་འཕེལ་ཆེད་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཞེས་རྒྱ་སྐྱོར་ཤུགས་ཆེ་བྱས་པ་དང། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་དང་འགན་ལྷན་ཚོགས་འདུའི་གྲོས་ཆོད་ཁག་ཏུའང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཅས་ལ་རྒྱབ་སྐྱོར་དགོས་པ་གཏན་འབེབས་དང་ལག་བསྟར་དབུས་ས་གཉིས་ནས་ཞུས་དང་ཞུ་མུས་ཡིན”་ཞེས་སོགས་འཁོད་འདུག

chushi4_2013_6_16སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བོད་ནམས་བསྟན་འཕེལ་གྱིས། བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “ཕྱི་ལོ་༡༩༥༨ ཟླ་ ༦ ཚེས་༡༦ ཉིན་རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་དཔའ་བོ་ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་འཁྲིད་གནང་སྟེ། བོད་ཆོལ་གསུམ་ཁྱོན་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ། མི་ལོ་༥༥ འཁོར་བའི་དུས་དྲན་ཐེངས་༥༤ པ་སྲུང་བརྩི་ཞུ་བ་འདིས་རྒྱ་དམར་བོད་ནང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པས་མ་ཚད།  བོད་མིའི་ཆོས་སྲིད་གང་ཅིའི་རང་དབང་ཡོངས་སུ་འཕྲོགས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀར་སྔར་མ་གྲགས་པའི་ཉམས་ཆག་ཅི་ཆེ་བཏང་ཡོད་པ་རྣམས་དྲན་སྐུལ་དང་བཅས་བོད་དོན་བདེན་མཐའ་མྱུར་གསལ་ཆེད་གོམ་གང་མདུན་སྤོས་ཀྱི་དམ་བཅའ་བརྟན་བཟུང་བྱ་རྒྱུའི་དུས་ཚིགས་གལ་ཆེ་ཞིག་ཆགས་ཡོད། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིས་བོད་བསྟན་སྲིད་དང།  མི་རིགས་ཀྱི་རང་དབང་ཆེད་དགྲ་བོར་ཕར་རྒོལ་གྱི་ཁ་གཏད་གདོང་ལེན་རིམ་པར་བྱས་ཏེ་ཞབས་འདེགས་ཅི་ཆེ་བསྒྲུབས་ཡོད་པ་དང།  ལྷག་པར་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་བྱུང་བའི་སྐབས། སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་བཅས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་གནས་རྒྱུ་མ་ཟད།  ད་རེས་དུས་དྲན་སྲུང་བརྩིའི་གོ་སྐབས་འདི་བཟུང་ནས་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན”་ཞེས་སོགས་འཁོད་ཡོད་པ་རེད།

མཐར་དྷ་ས་ས་གནས་ཆུ་སྒང་ཚོགས་གཙོ་ངག་དབང་ཐར་པས། དྷ་ས་ས་གནས་ཆུ་སྒང་གི་ལོ་གསུམ་གྱིི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་དང་དེ་རྗེས་ཐུགས་རྗེ་ཆེ་ཞུས་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

མཛད་སྒོ་གྲུབ་མཚམས་དྷ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་བདུན་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་ཡོད་པ་ནི། ངག་དབང་ཐར་པ་དང་། བློ་བཟང་ཚུལ་ཁྲིམས། ཕུར་བུ་ཚེ་རིང་། ཚེ་རིང་རྣམ་རྒྱལ། སངས་རྒྱས། དགེ་ལེགས་བཅས་ཡིན་པ་རེད།