ས་གནས་སུ་ཆུ་སྒང་དུས་དྲན་སྲུང་བརྩི།
ཟླ་འདིའི་ཚེས་༡༦་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་༣༠་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༥་འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོ་ཞིག་མོན་གྷོ་ནོར་བུ་རི་རྩེར་འཚོགས་ཡོད་པ་དང།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་རྒྱུན་དགེ་བཤེས་ངག་དབང་བློ་བཟང་ལགས་ཀྱི་གཙོས་གདན་ས་དགའ་འབྲས་གཉིས་ཀྱི་མདོ་ཁམས་པའི་དགེ་བཤེས་དང་དགེ་འདུན་པ། དེ་བཞིན་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་གི་མདོ་ཁམས་པ་བཅས་སེར་སྐྱ་ཡོངས་མཉམ་ཞུགས་ཐོག་དུས་དྲན་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་།
དེ་ཡང་ཐོག་མར་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བསངས་གསོལ་རླུང་རྟ་སྒྲེངས་བཙུགས་སོགས་གྲུབ་པ་དང་སྐུ་མགྲོན་རྣམས་པས་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དང་ཛ་སག་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་གཉིས་ཀྱི་སྐུ་དཔར་ལ་མཇལ་དར་བསྒྲོན་འབུལ་གནང་རྗེས།
བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གཏོང་གནང་གྲུབ་པ་དང་ཆབ་གཅིག་འདས་ཟིན་པའི་ལོ་ཟླའི་ཁྲོད་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལོགས་སུ་ཚེ་སྲོག་གི་འགྲོ་གྲོན་བཏང་བཞག་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་རྗེས་དྲན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མྱ་ངན་ངག་བཅས་སྐར་མ་གཅིག་རིང་གནང་རྗེས།
མི་མང་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་མུས་ཐོག་མོན་གྷོ་ས་གནས་ཆུ་སྒང་ཚོགས་གཙོ་བློ་བཟང་སྙན་གྲགས་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་བསྒྲིག་འཛུགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་༥༥་འཁོར་བའི་དྲུས་དྲན་ཐོག་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་དང་འབྲེལ་གསུང་བཤད་གནང་གྲུབ་པ་དང་།
མདོ་ཁམས་ཆུ་སྒང་དབུ་རྒྱུན་དྲུང་གཞོན་དགེ་བཤེས་ངག་དབང་བློ་བཟང་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དུས་དྲན་དང་འབྲེལ་ད་ལྟའི་ཆར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱག་ལས་ག་རེ་གནང་གིན་ཡོད་མེད་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན་ཐུགས་ཕན་སོས་པ་མེད་དམ་དྲན་སོང་། རྩ་བའི་ཕྱི་ལོ་༡༩༥༨་ཟླ་བ་༦་པའི་ཚེས་༡༦་ཉིན་ཛ་སག་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་དུས་ཚོད་ཛ་དྲགས་དང་གཉན་འཕྲང་ཅན་གྱི་སྐབས་སུ་བོད་བསྟན་སྲིད་སྤྱི་དང་བྱེ་བྲག་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་ཆེད་དུ་དྭངས་བླངས་ཀྱི་ཐོག་ནས་བཙུགས་བཞག་པའི་ཚོགས་པ་ཞིག་རེད། སྒྲིག་འཛུགས་འདིའི་ངོས་ནས་༧གོང་ས་མཆོག་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ། དེ་བཞིན་བོད་གཞུང་གི་བཀའ་བློན་དང་མཛད་གཙོ་རྣམས་པ་ཚོའི་མཚོན་པའི་བོད་མི་འབུམ་ལ་ཉེ་བ་ཞིག་བཙན་བྱོལ་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་རེད། དེ་ལེའུ་གཅིག་རེད། དེ་ནས་ལྷོ་དམག་སྒར་སྒྲིག་འཛུག་བཙུགས་ནས་བོད་དོན་བདེན་མཐའ་སེལ་ཐུབ་པའི་ཐབས་ལམ་བཙལ་བ་རེད། བྱེས་སུ་དུས་ཀྱི་འགྱུར་འགྲོས་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དྲགས་པོ་དམག་གི་སྒྲིག་འཛུག་དེའི་དགོས་མཁོ་མེད་པ་སོང་ཙང་། ཁམས་རིགས་མི་མང་གི་བདེ་སྡུག་ལྟ་སྐྱོང་ཆེད་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ནས་ད་ལྟའི་ཆར་བདེ་དོན་ལྷན་ཚོགས་ཤིག་གི་ངོ་བོའི་ཐོག་གནས་ཡོད་པ་རེད་ཅེས་དང་།
ཁོང་གིས་མུ་མཐུད་ནས་གསུང་དོན། མདོ་ཁམས་ཆུ་སྒང་དབུས་རྒྱུན་༡༡་ཡོང་སྟངས་དེ་ཡང་མང་མོས་འོས་བསྡུ་ཐོག་ནས་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གྱི་མཚོན་ཕྱི་རྒྱལ་ཁག་སོགས་སུ་ཡན་ལག་ལྔ་བཅུ་ང་གྲངས་ཤིག་ཡོད་པ་རེད། དེ་ཚོ་ཕྱོགས་ཡོངས་ནས་ལས་དོན་བྱེད་ཕྱོགས་དེ་ཡང་བོད་ནས་གསར་དུ་འབྱོར་བའི་སློབ་སྦྱོང་གི་མཐུན་རྐྱེན་རག་མེད་མཁན་ཚོར་དགེ་རྒན་འཚོལ་སྒྲུབ་གྱི་དབྱིན་ཇི་སྐད་ཡིག་སོགས་སློབ་སྦྱོང་བྱེད་སའི་ཁོར་ཡུག་བསྐྲུན་ཡོད་པ་ཙམ་དུ་མ་ཟད་བོད་ནས་གསར་དུ་འབྱོར་མཁན་ཡོངས་ལ་ཁྲིམས་མཐུན་གྱི་ཡིག་ཆ་བཟོ་རྒྱུ་སོགས་ལ་རྒྱབ་གཉེར་ཡིག་ཆ་སྤྲོད་བཞིན་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་མཐོ་སློབ་འགྲོ་མཁན་མདོ་ཁམས་པ་རང་ཁོངས་ཀྱི་སློབ་ཕྲུག་༦༧་ཙམ་ལ་སློབ་ཡོན་སྤྲོད་ཀྱི་ཡོད་ལ། གཞན་ཡང་རང་ཁོངས་ཀྱི་བདག་མེད་རྒན་ཁོག་སོགས་སུ་དམིགས་ནས་རྒས་གསོ་ཁང་ཆེད་བཙུགས་བྱས་ཡོད་སྐོར་སོགས་གསུངས་སོང་།
དེ་ནས་ལོ་འདིར་སློབ་ཡོན་ཐོབ་ཡོད་མཁན་གྱི་སློབ་མ་ཚོར་སློབ་ཡོན་ཕུལ་རྗེས་ཉིན་འདིའི་དུས་དྲན་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།