ཨེ་ཤི་ཡའི་རྒྱལ་ཁབ་ནང་ཆུ་སྲུང་སྐྱོབ་ཅེས་པའི་བགྲོ་གླེང་།
ཕྱི་ཟླ་༦ ཚེས་༡༦ ནས་༡༨ བར་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་པིན་གྱི་རྒྱལ་སར་རྟེན་གཞི་བྱས་པའི་ཨ་ཡཱ་ལ་(Ayala Museum)འགྲེམས་སྟོན་ཁང་གི་ཚོགས་ཁང་ནང་ཨེ་ཤི་ཡའི་རྒྱལ་ཁབ་ནང་ཆུ་སྲུང་སྐྱོབ་(Water Security and Asia) ཅེས་པའི་མིང་བྱང་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལྷན་ཚོགས་དེར་མཉམ་ཞུགས་གནང་སྟེ། ཕྱི་ཚེས་༡༨ ཉིན་ཕྱི་དྲིལ་དྲུང་ཆེས་བོད་དོན་དྲིལ་བསྒྲགས་སྤྱི་དང་། ལྷག་པར་བོད་དང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་(Tibet & Asia’s Water Resource)ཞེས་པའི་བརྗོད་གཞིའི་ཐོག་མཐོ་སྒང་བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་མི་འབོར་ས་ཡ་མང་པོའི་ཉིན་རེའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་ཆེན་དེ་དག་ལ་ཆུ་མཛོད་བརྒྱབ་པ་དང། བོད་མི་འབྲོག་པ་རྣམས་གནས་སྤོ་བྱེད་བཅུག་པ། དེ་བཞིན་རྩྭ་ཐང་ལ་བཅད་མཚམས་བཟོས་ནས་རྭ་བ་རྒྱག་བཞིན་ཡོད་པ། སྤྱིར་འཛམ་གླིང་ལྷོ་བྱང་གཉིས་ཀྱི་རྗེས་འཁྱགས་རོམ་ཆེ་ཤོས་ཡོད་ས་དེ་མཐོ་སྒང་བོད་ཡིན་པར་བརྟེན། འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད། ད་ཆ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་འོག་མཐོ་སྒང་བོད་ཀྱི་གཏན་འཇག་འཁྱགས་རོམ་ཧ་ཅང་མྱུར་པོའི་ཐོག་ནས་བཞུར་བཞིན་ཡོད་པར་བརྟེན། བོད་ཀྱི་རྒྱུག་ཆུ་རྣམས་རྒྱུག་སའི་གཤམ་འོག་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་འཚོ་བའི་འཐུང་ཆུར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུང་བཤད་གནང་སྟེ། དུས་དང་འཚམ་པའི་ལས་འགུལ་སྤེལ་མ་ཐུབ་ཚེ་འཐུང་ཆུ་རྫོགས་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
བགྲོ་གླེང་ལྷན་ཚོགས་དེའི་ཐོག་དེ་སྔ་རྒྱ་གར་གྱི་དམག་དཔོན་ཝི་ནོ་ཌི་སི་གྷལ་(Mr. Vinod Saigal)དང། ཧོང་ཀོང་གི་ཁྲིམས་བཟོའི་ལྷན་ཚོགས་ཀྱི་ཚོགས་མི་ Mr. Leung Kyok Hun བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
ཐེངས་འདིར་ཕྱི་དྲིལ་དྲུང་ཆེར་མགྲོན་འབོད་གནང་མཁན་ (National Commission on Indigenous Peoples) རྒྱལ་ཡོངས་གདོད་མའི་མི་རིགས་སྲུང་སྐྱོབ་ཚོགས་པ་ཡིན་པ་དང་། ཚོགས་པ་འདི་ནི་ཡུལ་དེའི་སྲིད་འཛིན་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་འདུག དྲུང་ཆེས་ཚོགས་པའི་གཙོ་འཛིན་ལྕམ་སྐུ་མཱ་རི་ཡ་གི་རེ་སི་ཊི་པ་སི་ཁུ་ཝ་( Marie Grace T. Pascua)སོགས་དང་མཇལ་འཕྲད་གནང་བ་མ་ཟད། རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་ཨ་མི་ཏི་ད་སི་གུཔྟཱ་(Mr. Amit Das Gupta)དང་ཡང་མཇལ་འཕྲད་གནང་ཡོད།
དེ་བཞིན་ཕྱི་དྲིལ་དྲུང་ཆེས་ཉིན་དེའི་ཕྱེད་ཡོལ་ཕི་ལི་པིན་གཙུག་ལག་སློབ་གཉེར་ ཁང་ University of the Philippines གིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་ཀརྨ་ཡེ་ཤེས་ལྷུན་གྲུབ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སུ་ནང་ཆོས་ཉམས་ལེན་པ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་ལྷན་ཐུག་འཕྲད་གནང་ཡོད་པ་རེད།།