རུལ་སུངས་པ་རྒྱ་ཡན་དུ་གཏོང་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༣   ཕྱི་ལོ་ ༢༠༡༣/༦/༢༦
ལོ་སྔོན་མ་ནས་བཟུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་བྱས་པའི་ལོ་རྒྱུས་རེ་ཟུང་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སོང་བ་དང། དེ་ཡང་བུད་མེད་ཚོགས་པའི་ཚོགས་གཙོས་ཚོགས་པའི་གཞུང་དངུལ་ཧིན་སྒོར་འབུམ་གཉིས་དང། འབུམ་སྡེ་ལའི་ས་གནས་འགོ་འཛིན་དང་།

བསྟན་འཛིན་སྒང་མཉམ་འབྲེལ་དྲུང་ཆེ་གཉིས་ཀྱིས་མི་མང་ལ་ཕྱི་རྒྱལ་རོགས་ཚོགས་ཀྱིས་སྤྲད་པའི་རོགས་དངུལ་འབུམ་གཉིས་དང་ཕྱེད་ཙམ་ལྐོག་ཟ་བྱས་པའི་ལོ་རྒྱུས་ཀྱང་བྱུང་ཡོད་ཚུལ་འདུག་ལ། ལྷག་དོན་དུ་བལ་ཡུལ་འཇོ་ཁེལ་བཟོ་གཞིས་ཀྱི་འགོ་འཛིན་ཟུར་པ་འཆི་མེད་རྡོ་རྗེས་བལ་སྒོར་འབུམ་༨༨ ཙམ་གཞུང་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་དེ་ཡོངས་གྲགས་ཆགས་ཡོད། གནད་དོན་འདི་དག་གི་ཐོག་ལ་གཞུང་ངོས་ནས་ད་ལྟ་ཁྱབ་བསྒྲགས་བྱས་པ་འདི་ཙམ་གྱིས་མི་འགྲིག་པར་ཐག་གཅོད་ནན་པོ་ཞིག་མ་བྱས་ན་ཆུ་ངན་ལངས་ཤོར་དུ་འགྲོ་ཉེན་ཡོད།

བཙན་བྱོལ་བོད་མི་གནས་ཡུལ་རྒྱ་གར་གྱི་སྤྱི་ཚོགས་དང། བོད་ཡུལ་དབང་བསྒྱུར་བྱེད་མཁན་གྱི་རྒྱ་ནག་གི་སྤྱི་ཚོགས་གཉིས་དང་བསྡུར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་གཏན་ནས་མེད་ཅེས་བརྗོད་ཀྱང་ཆོག་པ་ལྟ་བུ་ཡིན་མོད། ལས་རྒྱུ་འབྲས་དང་ཡ་རབས་བཟང་སྤྱོད་ཁ་རྩེ་རུ་ཁུར་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་གནད་དོན་འདི་དག་ཀྱང་རང་དགར་འཇོག་མི་འོས་པའི་གནད་དོན་འབའ་ཞིག་ཏུ་གྱུར་ཡོད། གཞུང་གི་ངོས་ནས་“ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་”ཡོད་ཅེས་བསྒྲགས་འདུག

དོན་དངོས་ཐོག་དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་སུ་སོང་ཟིན་པས། ཉམ་ཐག་ཁྱིམ་ཚང་གི་རིགས་དང། ཆབ་སྲིད་བཙོན་ཟུར་ཙམ་ལས་དམིགས་བསལ་གཟིགས་སྐྱོང་གནང་བ་ཅུང་དཀོན་པོ་ཡིན། དེར་བརྟེན་བལ་སྒོར་ས་ཡ་བཅུ་ལ་ཉེ་བ་ཞིག་ལྐོག་ཟ་བྱེད་མཁན་ལ་ཐག་གཅོད་གནང་སྟངས་འདི་འདྲ་ནི་འོས་འཚམས་ཤིག་གཏན་ནས་མ་རེད། དམའ་མཐའ་ས་ནས་བཤད་ན་གནས་ཡུལ་གཞུང་གི་ཁྲིམས་ཐོག་ཏུ་བསྐྱལ་ནས་ཁྲིམས་ཀྱི་ཉེས་ཆད་ངེས་པར་དུ་ཕོག་ཐུབ་པ་ཞིག་བཟོ་དགོས། དེ་ལྟར་ཐག་གཅོད་ནན་པོ་ཞིག་མ་བྱས་ན་བོད་མིའི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་དོ་ཕོག་འགྲོ་བ་དང། ངོ་ཚ་ཁྲེལ་ཡོད་དང་བྲལ་ཞིང་རང་ཁེ་ཁོ་ན་དོན་གཉེར་བ་དག་གིས་སླད་ཕྱིན་ཀྱང་འདི་ལྟ་བུའི་གོ་སྐབས་མང་དུ་འཛིན་ངེས་རེད་སྙམ།

གྲོས་ཚོགས་འཐུས་མི་ལྐོག་ཟ་རུལ་སུངས་བྱེད་མཁན་ཡོད་ཀྱང། སྟངས་འཛིན་དང་ཐག་གཅོད་དམིགས་བསལ་མེད་པ་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་རྒྱུ་སྒེར་བདག་བྱས་པའི་ཐག་གཅོད་བྱས་ཀྱང་དེ་ལ་བརྩི་མཁན་དང་ལག་བསྟར་བྱེད་མཁན་མེད་པ། ས་གནས་འགོ་འཛིན་གྱིས་མི་མང་གི་རོགས་དངུལ་ལྐོག་ཟ་བྱས་ཀྱང་མུ་མཐུད་ལས་བྱེད་དུ་བཞག་པ་ལྟ་བུ་ནི། ཆེས་ནོར་འཁྲུལ་ཅན་གྱི་བྱེད་སྟངས་ཤིག་ཏུ་གྱུར་ཡོད། གནད་དོན་འདི་དག་གི་རིགས་ལ་འཛིན་སྐྱོང་གིས་ཐག་གཅོད་ནན་པོ་ཞིག་བྱེད་མ་ཐུབ་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ནང་དུ་མ་འོངས་པར་ཡང་གནས་ཚུལ་འདི་ལྟ་བུ་ལྷགས་སྲིད་པ་དང། གནས་ཚུལ་འདི་ལྟ་བུ་རྒྱུན་ལྡན་དང་སྤྱིར་བཏང་ཞིག་ཏུ་འགྱུར་སྲིད་པས། གཞུང་ལ་ཡིད་ཆེས་དང་གུས་བརྩི་ཡང་ཆུང་དུ་འགྲོ་སྲིད་པ་ཞིག་རེད།

སྤྱིར་བོད་མིའི་སྒྲིག་འཛུགས་འདི་ཉིད་ཕྱོགས་གཅིག་ནས་བལྟས་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྟ་བུ་ཞིག་ལས། དམག་མི་དང། སྐོར་སྲུང་བ། བཙོན་ཁང་བཅས་མེད་པས་ཐག་གཅོད་བྱས་པར་བཟང་སྤྱོད་ཀྱི་ཐོག་ནས་བརྩི་སྲུང་མ་བྱས་ན་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་ཐུབ་ཐབས་མེད་ཀྱང། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ་ལྟ་བུ་རང་ངོས་ནས་བྱེད་ཆོག་པ་ཞིག་རེད། དེ་ལའང་དོ་སྣང་མི་བྱེད་པའི་རིགས་ལ་གོང་དུ་བརྗོད་པ་བཞིན་གནས་ཡུལ་གཞུང་ལ་ཁྲིམས་གཏུག་བྱས་ནས་ཉེས་ཆད་ངེས་པར་དུ་འགེལ་ཐུབ་པ་བྱེད་དགོས། དེ་ལྟར་མ་བྱས་པར་མུ་མཐུད་དུ་ཐག་གཅོད་སྟོང་པ་ཞིག་ཁྱབ་བསྒྲགས་བྱས་པ་ཙམ་གྱིས་ནུས་པ་གང་ཡང་ཐོན་མི་ཐུབ། དེར་བརྟེན་གནད་དོན་འདི་དག་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཧ་ཅང་ཉུང་ཉུང་ཡིན་པས་ད་ལྟ་ནས་བཀག་སྡོམ་ནན་པོ་བྱས་ཏེ་མ་འོངས་པར་གཏན་ནས་མེད་པ་བྱེད་དགོས།

ང་ཚོའི་སྤྱི་ཚོགས་འདིར་ཕྱོགས་གཅིག་ནས་ཆབ་སྲིད་ལངས་ཕྱོགས་དང་ལྟ་ཚུལ་གང་ཡོད་ཐད་ཀར་བརྗོད་ན་མི་ངན་དུ་བརྩི་ཡང། ཁ་ཤས་ལ་རྒྱུ་དང་འབྱོར་བ་ཡོད་པས་བོད་མིའི་སྒྲིག་འཛུགས་ལ་མ་བརྩིས་ཀྱང་མུ་མཐུད་སྤྱི་ཚོགས་ནང་ཆེ་མཐོང་ཡོད་པ་དང། ཁག་ཅིག་ལ་ལྟག་སྒོ་དང་རྒྱབ་རྩ་ཡོད་པས་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་མ་བྱས་ཀྱང་སྤྱི་ཚོགས་ནང་ཆེ་མཐོང་མུ་མཐུད་གནས་ཐུབ་པ་འདི། བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་མང་གཙོའི་ལམ་དུ་བསྐྱོད་བཞིན་པའི་གནས་བབས་ཐོག་ནས་བཤད་ན་ཡིད་སྐྱོ་དགོས་པ་ཞིག་རེད། ཆུ་མགོ་ནས་བསྙོགས་ན་མཇུག་ནས་དྭངས་ཐབས་མེད་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད། དེ་ལྟར་མུ་མཐུད་དུ་རྒྱ་ཡན་དུ་འགྲོ་མི་རུང་བའི་སྤྱོད་ཚུལ་འདི་རིགས་ལ་ཐག་གཅོད་ནན་པོ་ཞིག་བྱེད་མ་ཐུབ་པར། ངོ་སྲུང་དང་འཛེམས་ཟོན་རྐྱང་པ་བྱས་བསྡད་ན། དབུ་ཁྲིད་མཁན་རྣམ་པ་མི་བཟང་པོ་ཞེས་པ་དེ་ཡིན་སྲིད་པའི་དབང་དུ་བཏང་ཡང། མགོ་ཁྲིད་ཡག་པོ་ཞིག་གཏན་ནས་མིན་པ་ཧ་ཅང་གསལ་པོ་རེད།།