རང་བཙན་གྱི་ལོ་རྒྱུས་དེར་ཨུ་ཚུགས་རྒྱག་དགོས་དོན་མེད།
ཐེངས་འདིར་༧གོང་ས་མཆོག་གིས་བདུན་ཕྲག་གཉིས་ཀྱི་རིང་ནིའུ་ཛི་ལེན་ཌི་དང་ཨོ་སི་ཊོ་ལི་ཡ་གཉིས་ཀྱི་གྲོང་ཁྱེར་སི་ཌི་ནི་དང་མེལ་བྷོན་སོགས་སུ་མི་མང་ལ་ཆོས་འབྲེལ་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད། དེ་བཞིན་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་དང་། རྒྱ་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཟླ་འདིའི་ཕྱི་ཚེས་༢༤ ཉིན་བཞུགས་སྒར་དྷ་སར་ཞབས་སོེར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ Sydney ནང་རྟེན་གཞི་བྱས་པའི་གྲོང་ཁྱེར་ཚོགས་ཁང་ནང་Town Hall གཞོན་སྐྱེས་བསམ་བློའི་ལྷན་ཚོགས། Young Minds Conference ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ། བྱམས་བརྩེ་དང། བསམ་བློ་བག་ཕེབས། མདུན་ལམ་བཟང་པོ་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་མི་གྲངས་ཆིག་སྟོང་ཉིས་བརྒྱ་བརྒལ་བར་བཀའ་སློབ་གནང་སྐབས། ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ས་ཡི་མོན་ལོང་སི་ཊབ་ Simon Longstaff ལགས་ཀྱིས་༧གོང་ས་མཆོག་ལ་མི་བཟང་པོ་ཞིག་གང་འདྲ་བཟོ་ཐུབ་བམ་ཞེས་པའི་དྲི་བར་ལན་འདེབས་གནང་དོན། མི་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུ་དེ་ནི་གཙོ་བོ་སེམས་ནང་ཞི་བདེ་ཡོད་མེད་ལ་འཇོག་ཆོག རྒྱུ་ནོར་དང་ཤེས་ཡོན་ཧ་ཅང་ཆེ་བའི་དཔོན་པོ་ཞིག་ཡིན་ནའང་སེམས་ནང་ཞི་བདེ་མེད་ན་བདེ་བ་མེད། ངོས་ཀྱི་ཡུམ་ཆེན་དམ་པར་མཚོན་ན་ཡི་གེ་འབྲི་ཀློག་མི་ཤེས་མཁན་གྱི་ཞིང་པའི་བུད་མེད་གཅིག་ཡིན་ནའང་ཐུགས་སེམས་ཧ་ཅང་བཟང་པོ་ཡོད། ཨ་མ་ལགས་ཀྱིས་རང་གི་ཕྲུ་གུ་ཙམ་མ་ཟད། མི་གཞན་ལའང་ཐུགས་སེམས་ཧ་ཅང་བཟང་པོ་གནང་གི་ཡོད། བར་སྐབས་ཤིག་རྒྱ་ནག་ནང་མུ་གེ་ཤུགས་ཆེ་བྱུང་ནས་རྒྱ་མི་མང་པོ་བོད་བྱང་ཤར་ས་ཁུལ་དུ་ཟས་འཚོལ་དུ་བསླེབས་ཡོད། དེ་དུས་རྒྱ་རིགས་བཟའ་ཟླ་གཅིག་བཀྲེས་སྐོམ་འོག་འདས་གྲོངས་སུ་གྱུར་བའི་ཕྲུ་གུའི་ཕུང་པོ་ཞིག་འཁྱེར་ནས་ང་ཚོའི་ཁྱིམ་ཚང་དུ་ལྟོ་སློང་བར་སླེབས་བྱུང། སྐབས་དེར་ཁོང་གཉིས་བཀྲེས་ལྟོགས་ཀྱིས་ཧ་ཅང་མནར་རྐྱེན་རང་གི་ཕྲུ་གུའི་ཕུང་པོ་ཟ་རྒྱུ་ཡིན་སྐོར་བརྗོད་དུས་ངོས་ཀྱི་མ་དམ་པ་ཐུགས་ཤིན་ཏུ་ཕམ་ནས་བཤུམས། དེ་རྗེས་ཨ་མ་ལགས་ཀྱིས་ཁོང་གཉིས་ལ་ཁ་ཟས་སྦྱིན་པ་མ་ཟད། ཕྲུ་གུའི་ཕུང་པོ་ས་དོང་ནང་སྦ་རོགས་ཀྱང་གནང་ཡོད། ང་ཚོས་ཨ་མ་ལགས་སྐུ་རླུང་བཞེངས་པ་ནམ་ཡང་མཇལ་མྱོང་མེད་ཅེས་བཀའ་ལན་གནང་ཡོད་པ་རེད།
ཕྱི་ཚེས་༡༨ ཉིན་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་རྟེན་གཞི་བྱས་པའི་ཀོན་ཝེན་ཤན་ཚོགས་ཁང་ (Melbourne Convention Centre) ཆེན་མོའི་ནང་། མང་ཚོགས་༥༨༠༠ བརྒལ་བར་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས། ཆོས་གྲོགས་ཕོ་མོ་ཚོ་ངོས་རང་དེ་རིང་སླར་ཡང་ས་གནས་འདིར་ཡོང་ནས་ཁྱེད་རྣམས་དང་ཐུག་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ཉེ་ལམ་ངོས་རང་ས་གནས་འདིར་རྒྱལ་སྤྱིའི་ངོ་བོ་ལྡན་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ལ་བཅར་རྒྱུ་བྱུང། འདས་པའི་ཉིན་ཤས་སྔོན་ངོས་རང་གྲོང་ཁྱེར་སི་ཌི་ནི་དང་དེ་སྔོན་ནིའུ་ཛི་ལེན་ཌི་བཅས་ཀྱི་ནང་བསྐྱོད་ནས་རང་གི་བསམ་ཚུལ་དང་ཉམས་མྱོང་ཕྲན་བུ་ཡོད་པ་རྣམས་གཞན་ལ་གོ་རྟོགས་དང་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང། ངོས་ཀྱི་རྒྱུན་ལྡན་ང་ཚོ་ཚང་མ་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་བསམ་པ་དྲན་བཞིན་ཡོད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་ལྟར་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡོད། འགྲོ་བ་མིའི་རིགས་ནི་དུད་འགྲོ་ལས་ཁྱད་པར་འབྱེད་སྐབས་མིའི་ཀླད་པ་གྲུང་པོ་དང་བསམ་བློ་གཏོང་རྒྱུའི་ནུས་པ་དེ་ལས་འབྱེད་བཞིན་ཡོད་ནའང། སྐབས་མང་ཆེ་བར་མིས་ཀླད་པ་དེ་རྙོག་གྲ་བཟོ་ཆེད་བེད་སྤྱོད་བྱེད་བཞིན་ཡོད། དཔེར་ན། ང་ཚོས་འཕྲུལ་ཆས་ཡར་རྒྱས་ཧ་ཅང་བཏང་སྟེ་ཉིན་རེའི་འཚོ་བའི་དཀའ་ངལ་མང་པོ་ཞིག་ལས་སློ་པོའི་ཐོག་ནས་སེལ་ཐུབ་ཀྱི་ཡོད། འོན་ཀྱང་འཕྲུལ་ཆས་དེ་སྐབས་རེར་བེད་སྤྱོད་ལོག་པ་བཏང་ནས་སྤྱི་ཚོགས་བདེ་འཇགས་མེད་པར་དུས་རྟག་ཏུ་འཇིགས་སྣང་དང་འཚེ་བའི་བྱ་སྤྱོད་སྤེལ་བཞིན་ཡོད། དེ་ནི་གཙོ་བོ་བྱམས་བརྩེའི་བསམ་བློ་མ་འདང་པའི་རྐྱེན་གྱིས་ཡིན། མིའི་རྣམ་དཔྱོད་ཀྱི་ཤེས་རབ་དང་སེམས་རྒྱུད་ནང་གཞན་གྱི་བདེ་དོན་ལ་གཙིགས་ཆེར་འཛིན་པའི་བྱམས་བརྩེའི་བསམ་བློ་གཉིས་ཟུང་འབྲེལ་ཐོག་འགྲོ་ཐུབ་དགོས། བྱམས་བརྩེའི་བསམ་པ་དེས་ང་ཚོའི་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་མེལ་བྷོན་ནང་རྟེན་གཞི་བྱས་ པའི་(Quang Minh Temple) ཁུ་མིན་ཞེས་པའི་ཝི་ཏི་ནམ་གྱི་དགོན་པ་ཞིག་ནང་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཆོས་ཞུ་བ་༥༠༠ བརྒལ་བར་ཤེས་རབ་སྙིང་པོ་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་སྐབས། མེལ་བྷོན་གྲོང་ཁྱེར་དུ་གནས་སྡོད་བོད་རིགས་གཙོ་བོར་གྱུར་བའི་སོག་པོ་དང་བྲུག་པ་དེ་བཞིན་བལ་པོ་མི་རིགས་བཅས་ལ་ཟུར་དུ་བཀའ་སློབ་བསྩལ་དོན། ངོས་རང་དེ་རིང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
སྤྱིར་བཏང་ང་ཚོ་བོད་མིར་རིན་ཐང་བྲལ་བའི་གཤིས་ཀ་བཟང་པོ་ཞིག་ཡོད་པ་དེར་འཛམ་གླིང་ས་ཕྱོགས་ཁག་དང་། ཡང་སྒོས་རྒྱ་རིགས་ཁག་གཅིག་གིས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེ་ལྟ་བུའི་གོམས་གཤིས་བཟང་པོ་དེ་རང་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་ལས་རིན་པ་སྤྲད་ནས་ཉོ་རྒྱུ་མེད། དཔེར་ན། ངོས་རང་ཧ་ཅང་ངེས་ཀྱི་འདུག (Chicago) ཆི་ཁ་གྷོར་པི་ཛི་ཀ་ཞེས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད། དེའི་ནང་སྤུན་མཆེད་བུད་མེད་གཅིག་བོད་པ་དེ་གར་གཞིས་ཆགས་ཀྱི་གྲ་སྒྲིག་བྱེད་ མཁན་ཚོགས་པའི་ནང་གི་ཚོགས་མི་རེད་འདུག ཁོ་མོས་ངོས་ལ་ང་ཚོས་བོད་པ་དེ་གར་གཞིས་ཆགས་སུ་ལེན་རྒྱུར་རོགས་རམ་བྱས་པ་ཁོ་ན་མིན། བོད་པའི་གཤིས་ཀ་བཟང་པོ་དེ་ང་ཚོའི་སྤྱི་ཚོགས་ནང་འཇགས་ཐུབ་རོགས་བྱས་ན་བསམས་པའི་རེ་བ་བརྒྱབ་སྟེ་དེ་གར་བླངས་ཏེ་ཆི་ཁ་གྷོའི་ཁུལ་དུ་གཞིས་ཆགས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
དེར་བརྟེན་ང་ཚོ་བོད་པར་མཐོང་དེ་ལྟ་བུ་ཞིག་བྱེད་ཀྱི་འདུག དེ་བཞིན་དྲང་པོ་དྲང་གཞག་དང་སེམས་པ་བཟང་པོའི་གོམས་གཤིས་ཡོད་པ་དེ་དག་ང་ཚོ་བོད་པའི་མི་རབས་རྒན་པ་ཚོས་གཞོན་པ་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དེ་ནི་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པ་ཁོ་ནས་ཡོང་ཐུབ་ཐབས་མེད། ང་ཚོའི་ཁྱིམ་ཚང་ནང་སོ་སོའི་གོམས་གཤིས་བཟང་པོ་ཡོད་པ་དེ་ཕ་མ་ནས་ཕྲུ་གུར་འཇགས་ཐུབ་པ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། རིམ་བཞིན་ང་ཚོའི་སློབ་ཚན་ནང་དུ་ནང་ཆོས་ཀྱི་གཞུང་ནས་གསུངས་ཡོད་པའི་སེམས་ཀྱི་འགྲོ་སྟངས་སྐོར་ལ་སློབ་སྦྱོང་སྤྲོད་ཐུབ་རྒྱུའི་ང་ཚོས་རེ་བ་བརྒྱབ་སྟེ་འབད་བརྩོན་བྱེད་བཞིན་ཡོད། དེ་ལྟར་བྱུང་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་མ་གཏོགས་དེང་དུས་ཀྱི་ཤེས་ཡོན་ནང་དེ་དག་མེད། དེར་བརྟེན་དེ་དག་སོ་སོའི་ཁྱིམ་ཚང་ནང་བཟང་པོ་བཟང་པོ་ཡིན་པ་ངོ་ཤེས་པའི་ཐོག་ནས་བརྒྱུད་སྤྲོད་བྱས་ཏེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་གཟབ་གཟབ་མ་བྱས་ན་བར་སྐབས་བོད་པའི་གོམས་གཤིས་བཟང་པོ་དེ་ཕྲན་བུ་ཉམས་ཆག་འགྲོ་གི་ཡོད་པ་ལྟ་བུ་འདུག་ཅེས་དང་།
ཡང་༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། འདས་པའི་ལོ་ལྔ་བཅུ་ང་གྲངས་དེའི་ནང་ཕར་ཕྱོགས་དེར་རྒྱ་མི་གུང་ཁྲན་གྱི་ལས་བྱེད་མཁྲེགས་པོ་དེ་དག་གིས་བོད་པར་མཐོང་ཆུང་བྱས་ཏེ་བོད་པ་ཞེས་བརྗོད་སྐབས་གང་ཡང་མི་ཤེས་མཁན་རྗེས་ལུས་རེད་ཅེས་བརྗོད་ཀྱི་ཡོད། འཛམ་གླིང་ཕྱི་ཕྱོགས་སུ་བོད་པ་ཞེས་བརྗོད་སྐབས། ཡ་རབས་དང་དྲང་པོ་དྲང་གཞག་སེམས་པོ་བཟང་པོ་ཡིན་པ་དེ་རིང་ཁ་སང་མཐོང་ཚུལ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོ་བོད་པའི་སྤུས་ཚད་ག་ལེར་ག་ལེར་ཕྲན་བུ་སྡུག་ཏུ་འགྲོ་རྒྱུ་དེ་འདྲ་ཡོང་གི་འདུག དེའི་ཐོག་ང་ཚོ་ཚང་མས་གཟབ་གཟབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཁ་སང་བོད་ཀྱི་འཐབ་རྩོད་བྱེད་སྐབས་ང་ཚོ་བོད་རང་བཙན་ཡིན་ཞེས་ཤོད་ཀྱི་ཡོད། དངོས་གནས་དྲང་གནས་རང་བཙན་ཆགས་རྒྱུ་ངོ་མ་དེ་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དུས་ཀྱི་ང་ཚོ་རང་བཙན་གྱི་ལོ་རྒྱུས་དེ་ང་ཚོས་ཡིན་ཞེས་ཨུ་ཚུགས་རྒྱག་དགོས་དོན་མེད།
རྒྱ་མིའི་ཡིག་ཆའི་ནང་དེ་དུས་བོད་རྒྱལ་ཁབ་ཐ་དད་ཡིན་པ་ཧ་ཅ་གསལ་པོ་བཀོད་ཡོད། སྐུ་མདུན་གོང་མའི་ཁ་ཐུག་དང་དེ་ཚོའི་གྲས་དེ་ཞེ་དྲག་ཁུངས་འཁྱོལ་རྒྱུ་མེད། གང་ལྟར་སིམ་ལའི་ཆིངས་ཡིག་ནང་ལ་བོད་ཕྱི་ནང་གཉིས་ཞེས་འཁོད་ཡོད། བོད་ཕྱི་ནང་གཉིས་ཞེས་བརྗོད་སྐབས། ཁྱེད་རང་ཚོ་རྒྱ་སྡེའི་ཁོངས་ཀྱི་ཁམས་པ་དེ་དག་རྒྱ་མིའི་འོག་ལ་སྡོད་རྒྱུ་རེད། རྒྱ་སྡེའི་ཁོངས་ཀྱི་ང་ཚོ་ཨ་མདོ་དེ་དག་རྒྱ་མིའི་ཁོངས་སུ་སྡོད་རྒྱུ་རེད། ཁྱེད་རང་ཚོ་མང་ཆེ་བ་ཁམས་པ་དེ་དག་རྒྱ་སྡེའི་ཁོངས་མ་རེད་དམ། མང་ཆེ་བ་རྒྱ་སྡེའི་ཁོངས་ཀྱི་ཁམས་པ་ཆགས་ཀྱི་ཡོད། བོད་སིལ་བུར་ཆགས་ནས་ཉམས་རྒུད་ཕྱིན་ཏེ་ཧ་ལམ་ཉག་ཕྲ་བ་ཆགས་ཟིན་པའི་ཁ་ཐུག་གི་ལོ་རྒྱུས་རེད། དེར་གཟི་བརྗིད་ངོམ་རྒྱུ་མེད།
ང་ཚོས་གཟི་བརྗིད་ངོ་ཐོག་ངོམ་རྒྱུ་དེ་དུས་རབས་བདུན་པ་དང་། བརྒྱད་པ། དགུ་པ། བོད་སིལ་བུ་མ་ཆགས་གོང་གི་ཆོས་རྒྱལ་ཚོའི་སྐབས་ལ་ཡོད་པའི་བོད་དེ་དངོས་གནས་དྲང་གནས་ནམ་རྒྱུན་ང་ཚོའི་ཡིག་ཆ་རྙིང་པའི་ནང་ལ་རྒྱ་ཧོར་བོད་ཅེས་བརྗོད་ཀྱི་ཡོད། ཤར་ཕྱོགས་རྒྱ་ནག་དང་ནུབ་ཕྱོགས་བོད། བྱང་ཕྱོགས་ཧོར་དེ་དག་རྒྱལ་ཁབ་འདྲ་མཉམ་སྟོབས་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།
ཕྱི་ཚེས་༢༠ ཉིན་༧གོང་ས་མཆོག་གིས་མེལ་བྷོན་དུ་ཧོང་ཀོང་དང་། རྒྱ་ནག་སྐམ་ས་ཆེན་མོ། དེ་བཞིན་ཁུལ་དེར་གནས་སྡོད་བཅས་ཁྱོན་རྒྱ་རིགས་མི་གྲངས ༢༠༠ བརྒལ་བར་མཇལ་ཁ་དང་ལྷན་བོད་མིའི་ངོས་ནས་རང་བཙན་རྩོད་ལེན་མ་བྱས་པར་གཉིས་ཕན་དབུ་མའི་ལམ་ཐོག་སྐྱོད་བཞིན་ཡོད་སྐོར་བཀའ་སློབ་གནང་ཡོད་པ་དང་། ཕྱི་ཚེས་༢༢ ཉིན་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་ Australia གྲོང་ཁྱེར་ཌར་ཝིན་ Darwin ནང་བདེན་བཞིའི་ཆོས་འབྲེལ་དང་མང་ཚོགས་ལ་བཟང་སྤྱོད་ཐོག་བཀའ་སློབ་གནང་ཡོད་པ་རེད།
དེ་ལྟར་༧གོང་ས་མཆོག་གིས་ཐེངས་འདིར་ནིའུ་ཛི་ལེན་ཌི་དང་ཨོ་སི་ཊོ་ལི་ཡར་མཛད་འཕྲིན་ཁག་ ལེགས་གྲུབ་ཀྱིས། ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཐོག་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་དབུས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་བསུར་བཅར་ཡོད་པ་མ་ཟད། ལམ་བར་གྱི་ས་ཚུགས་ཁག་ནས་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
༧གོང་ས་མཆོག་གིས་ལོ་རྟག་པར་བོད་རིགས་མཐོ་རིམ་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། འདི་ལོར་ཡང་ཟླ་འདིའི་ཕྱི་ཚེས་༢༧ དང་༢༨ བཅས་ཉིན་གཉིས་རིང་༧གོང་ས་མཆོག་གིས་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་བོད་རིགས་སློབ་མ་ཚོ་གཙོས་སློབ་མ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག