པེ་ཅིང་གིས་ཨ་རིའི་སྐྱོན་འཛུགས་ནི་རྒྱུ་མཚན་མེད་པ་ཞིག་རེད་ཟེར།

1416c39ecbe34005b5acc377aac9a925ཨ་རིའི་གཞུང་གིས་ཁ་པར་དང་དྲ་རྒྱའི་ཐོག་བྱ་ར་བྱས་པའི་གཞི་རྒྱ་ཆེ་བའི་གསང་བའི་ལས་གཞི་ཕྱིར་བསྒྲགས་བྱས་པར་བརྟེན་ནས། ཨ་རིའི་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཀྲམ་པའི་སི་ནོལ་ཊིན་ཧོང་ཀོང་ནས་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཨ་རིས་དེ་ནི་རྒྱ་ནག་གིས་རོགས་རམ་འོག་ཧོང་ཀོང་ནས་བྲོས་བྱོལ་དུ་ཕྱིན་པ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་པའི་ཐད། པེ་ཅིང་གིས་“ཨ་རིའི་ཕྱོགས་ཀྱི་སྐྱོན་འཛུགས་དེ་ནི་རྒྱུ་མཚན་མེད་པ་ཞིག་རེད་”ཅེས་ལན་འདེབས་བྱས་ཡོད་པ་རེད།

དེའི་སྔོན་དུ་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁེ་ནི་ཡིས་བརྗོད་པ་ལྟར་ན། ཨ་རིའི་ཕྱོགས་ནས་ཧོང་ཀོང་ཡུལ་མི་གནས་སྤོའི་དཔོན་རིགས་ཀྱིས་སི་ནོལ་ཊིན་ཨུ་རུ་སུར་བསྐྱོད་བཅུག་པའི་ཐག་གཅོད་དེ་ལག་རྩལ་ལས་རིགས་ཀྱི་ཐག་གཅོད་རེད་ཅེས་པར་“ཡིད་ཆེས་མེད་”ཅེས་དང་། ཧོང་ཀོང་སྲིད་གཞུང་གིས་བསམ་བཞིན་དུ་ཉེས་ཅན་པ་གློད་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲིན་ཡུས་ཀྱིས་ཕྱི་ཟླ་༦ པའི་ཚེས་༢༥ ཉིན་བརྗོད་རྒྱུར། ཨ་རིའི་ཕྱོགས་ནས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཁྲིམས་ལུགས་ལྟར་ལས་དོན་བསྒྲུབ་པར་དོགས་སློང་བྱས་པ་ནི་རྒྱུ་མཚན་མེད་པ་ཞིག་དང་། ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་སྐྱོན་འཛུགས་བྱས་པ་དེ་ནི་“ཁུངས་ལུང་མེད་པ་”ཞིག་ཡིན་པས། རྒྱ་ནག་ཕྱོགས་ནས་“ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་”ཅེས་བརྗོད་འདུག

ཁོང་མོས་མུ་མཐུད་དུ་བརྗོད་རྒྱུར། ཧོང་ཀོང་སྲིད་གཞུང་གིས་“ཁྲིམས་ལུགས་དང་ཡོངས་སུ་མཐུན་པའི་སྒོ་ནས་གནད་དོན་དེ་ཐག་གཅོད་བྱས་ཡོད་པ་ནི་དོགས་པ་མེད་པ་ཞིག་ཡིན་པས། ཕྱོགས་སོ་སོས་ངེས་པར་དུ་བརྩི་བཀུར་བྱེད་དགོས་”ཞེས་དང་། སི་ནོལ་ཊིན་རྒྱ་ནག་གི་གསང་ཉུལ་བ་རེད་ཅེས་པའི་བཤད་སྟངས་དེ་ནི་“ཆོ་མེད་པ་དང་འགན་མ་ཁུར་བའི་སྐད་ཆ་རེད་”ཅེས་བརྗོད་འདུག

ཧྥ་ཁྲིན་ཡུས་ཀྱིས་ད་དུང་སི་ནོལ་ཊིན་གྱི་དོན་རྐྱེན་མ་བྱུང་སྔོན་ཏག་ཏག་ལ་མཇུག་སྒྲིལ་བའི་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་མཇལ་འཕྲད་སྐོར་བཤད་དོན། རེ་བར་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཀྱིས་ནས་ནན་ཏན་སྒོ་ནས་སྤྱི་མོས་བྱས་པ་གལ་ཆེན་ཁག་ལག་བསྟར་བྱེད་རྒྱུ་དང་། གྲོས་མོལ་དང་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་སྟེ། མི་མཐུན་པའི་འགལ་ཟླ་རྣམས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བརྗོད་འདུག

ཉིན་འགའི་སྔོན་དུ་སི་ནོལ་ཊིན་ཧོང་ཀོང་དུ་ཡོད་སྐབས་ཀྱི་ཁོང་གི་ཁྲིམས་རྩོད་པའི་སྐུ་ཚབ་དང་། ཧོང་ཀོང་མང་གཙོ་ཚོགས་པའི་ཁྲིམས་བཟོའི་ལྷན་ཚོགས་ཀྱི་འཐུས་མི་ཧི་ཅུན་རེན་གྱིས་BBC གསར་འགོད་པར་བརྗོད་རྒྱུར། སི་ནོལ་ཊིན་གྱིས་བར་གནས་ཀྱི་མི་ཞིག་གི་སྐད་ཆ་གོ་རྗེས་ཧོང་ཀོང་དང་ཁ་བྲལ་རྒྱུ་ཐག་གཅོད་པ་དང་། མི་དེ་ནི་པེ་ཅིང་དབུས་སྲིད་གཞུང་གི་སྐུ་ཚབ་ཡིན་པར་ཡིད་ཆེས་ཡོད་ཅེས་བརྗོད་འདུག

ཧོང་ཀོང་སྲིད་འཛིན་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལེའེ་ཊིན་ཡཱི་ཡིས་རེས་གཟའ་ཟླ་བའི་དགོང་མོར་གསར་འགོད་པར་ཐུག་འཕྲད་སྐབས་རང་འགུལ་གྱིས་བཤད་རྒྱུར། སི་ནོལ་ཊིན་ཧོང་ཀོང་ནས་བྲོས་བྱོལ་དུ་སོང་བའི་ཐད་ཨ་རིའི་སྲིད་གཞུང་འདོད་པ་མ་ཁེངས་པ་དེ་ཁོང་གིས་བསམ་ཤེས་ཐུབ་པ་ཞིག་རེད། ཡིན་ནའང་ཧོང་ཀོང་ལ་སི་ནོལ་ཊིན་བཀག་འགོག་བྱེད་པའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་ཅེས་བརྗོད་འདུག

ལེའེ་ཊིན་ཡཱི་ཡིས་ད་དུང་བརྗོད་རྒྱུར། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་འཛིན་ཆེན་མོའི་འོག  ཕྱི་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཐོག ང་ཚོས་ངེས་པར་དུ་དབུས་སྲིད་གཞུང་དང་འབྲེལ་བ་བྱས་ཏེ་གྲོས་བསྡུར་བྱེད་དགོས་པ་ཞིག་རེད། “བར་གནས་ཀྱི་མི་”ཞེས་པ་དེ་ཅི་འདྲ་ཞིག་ཡིན་མིན་ངས་རྩ་བ་ནས་མི་ཤེས་ཞེས་བརྗོད་ཡོད་པ་རེད།།