བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གསར་འཛུགས།

2013_7_2

ཚོགས་པ་འདིས་ཁྲིམས་མཐུན་གྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་བྱ་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱས་ཏེ་རྒྱབ་སྐྱོར་རག་ཐབས་བྱ་རྒྱུ་ཡིན་ཞེས། ཉེ་ཆར་གསར་དུ་བཙུགས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་སོང་།

དེ་ཡང་ཕྱི་ཟླ་༦ ཚེས་༣༠ ཉིན་དྷ་སར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ། བོད་མིའི་ཁྲིམས་ལུགས་རིག་པ་བ་༤༡ མཉམ་འཛོམས་ཀྱིས་ཉིན་གསུམ་རིང་བོད་མིའི་ཁྲིམས་ལུགས་པ་བའི་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ནང་ཁྲིམས་ལུགས་སློབ་མ་གསོ་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་བྱས་ཏེ། ཚོགས་ཐོག་ཏུ་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ (Tibetan Legal Association) ཞེས་པ་གསར་འཛུགས་ཀྱིས་རྒྱུན་ལས་ཚོགས་མི་༥ འདེམས་བསྐོས་དང་། ཚོགས་པའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་གཏན་འབེབས་གནང་ཡོད་པ་ལྟར།

2013_7_2ཟླ་འདིའི་ཕྱི་ཚེས་༢ ཉིན་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་ཁྲིམས་རྩོད་པ་རྒྱ་རི་བདེ་ཆེན་རྒྱལ་མོས་དབྱིན་ཡིག་ཐོག་སྒྲོགས་སྦྱང་དང་། དེ་བཞིན་ཁྲིམས་རྩོད་པ་དྲུང་ཆེ་ཚེ་རིང་དངོས་གྲུབ་ཀྱིས་བོད་སྐད་ཐོག་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བའི་ནང་། ཚོགས་པའི་དམིགས་ཡུལ་དོན་ཚན་༡༢ གཏན་འབེབས་གནང་ཡོད་པ་ལས། དང་པོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཉམ་ཐག་རྣམས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རོགས་རམ་གང་ཐུབ་བྱ་རྒྱུ་དང་། ཁྲིམས་ཐོག་ནས་དཀའ་ངལ་འཕྲད་པའི་བོད་མི་ཚོར་ཁྲིམས་ཀྱི་ལམ་སྟོན། དེ་ཡང་བོད་མི་ཉམ་ཐག་ལ་གླ་མེད་ཁྲིམས་རྩོད་པ་དང་སྐད་སྒྱུར་སྦྱོར་སྤྲོད་བྱ་རྒྱུ། རྒྱ་གར་དབུལ་ཕོངས་ཁྲིམས་ཀྱིས་སྲུང་སྐྱོབ་དགོས་རིགས་ལའང་ཁྲིམས་རྩོད་པའི་མཐུན་རྐྱེན་སྦྱོར་ཐུབ་ཐབས་ལ་འབད་བརྩོན།
གཉིས་པ། བོད་མིའི་རྩ་དོན་ཐོག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ཞུ་གཏུག་སོགས་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུ།
གསུམ་པ། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་རྣམས་དང། སློབ་གྲྭ དགོན་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་མི་མང་བྱིངས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པ་བཅས་ལ་དུས་ནས་དུས་སུ་ཁྲིམས་ལུགས་ཀྱི་སློབ་ཚན་ཁག་ལ་ཟབ་སྦྱོང་དང་ལམ་སྟོན་གནང་སྟེ། ཁྲིམས་ལུགས་ཀྱི་ཤེས་བྱ་གོང་འཕེལ་གཏོང་བའི་ཐོག ཁྲིམས་ཀྱི་མདུན་སར་སྤྱི་སྒེར་གྱི་ཐོབ་ཐང་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཐུབ་པ་དང། ཁྲིམས་འགལ་རིགས་འགོག་ཐབས་ཀྱི་ལམ་སྟོན་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་ལུགས་ཀྱི་སློབ་ཚན་འདྲ་མིན་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང་ལམ་སྟོན་བྱ་རྒྱུ།
བཞི་པ། བོད་མིའི་སྒྲིག་འཛུགས་ངོས་ནས་བཀའ་མངགས་བྱུང་ན་དེ་ལུགས་ཀྱི་ཁྲིམས་དོན་ལམ་སྟོན་དང་རོགས་འདེགས་བྱ་རྒྱུ།

ལྔ་པ། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ལ་ཉམས་ཞིབ་དང་བོད་བསྒྱུར་གྱི་ལས་གཞི་རྒྱ་ཆེ་སྤེལ་བའི་ཐོག སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དང་། དུས་དེབ་དང་དཔེ་དེབ་སོགས་དུས་ཐོག་འགྲེམས་སྤེལ་བྱ་རྒྱུ་དང།  དེ་བཞིན་རིམ་པས་བོད་མི་ཚོས་ཁྲིམས་ལུགས་ཀྱི་གནད་དོན་གོང་འཕེལ་ཐུབ་ཆེད་ཁྲིམས་ཡིག་དཔེ་མཛོད་ཅིག་གསར་རྒྱག་ཞུ་རྒྱུ།
དྲུག་པ། བོད་ཀྱི་ཆབ་སྲིད་དང་འཐབ་རྩོད་ལ་དགོས་མཁོ་ཡོད་རིགས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་ཁྲིམས་ལུགས་སོགས་ལ་ཞིབ་འཇུག་དང་ཉམས་ཞིབ། རྒྱ་ནག་གི་ཁྲིམས་ལུགས་ཐོག་ལ་དམིགས་བསལ་སློབ་སྦྱོང་དང་ཉམས་ཞིབ་གནང་བའི་ཐོག་ནས་བོད་དོན་འཐབ་རྩོད་དང་བོད་མི་ཚོར་གོ་རྟོགས་སྤེལ་རྒྱུ།
བདུན་པ། ཁྲིམས་མཐུན་གྱི་ཐོག་ནས་རོགས་དངུལ་དང་ཞལ་འདེབས་ཀྱི་མ་དངུལ་གསོག་སྒྲུབ་བྱ་རྒྱུ་དང། དངུལ་འབབ་དེ་དག་ཚོགས་པའི་དགོས་དམིགས་སྒྲུབ་ཆེད་དང། བོད་མིའི་བདེ་དོན། རྩ་དོན་བཅས་ཀྱི་ཆེད་བེད་སྤྱོད་བྱ་རྒྱུ།
བརྒྱད་པ། ལེགས་སྐྱེས་སྤྲོད་འོས་པ་དང། དགོས་ངེས་ཅན་གྱི་ཁྲིམས་ཀྱི་སློབ་མའམ་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཤེས་བྱ་གོང་འཕེལ་ཆེད་དུ་སློབ་ཡོན་གྱི་རོགས་རམ་བྱེད་རྒྱུ་དང་། བོད་མིའི་ཁྲིམས་ལུགས་རིག་པ་རྣམས་ལ་སྤྱི་ཚོགས་ཁྲོད་ལས་རིགས་འཚོལ་རྒྱུའི སྡིངས་ཆ་བསྐྲུན་ཐབས། དེ་དག་ལ་མདུན་ལམ་ལམ་སྟོན་གནང་རྒྱུ།
དགུ་པ། བོད་མིའི་ཁྲིམས་ཀྱི་སློབ་མ་རྣམས་ལ་དུས་ནས་དུས་སུ་དམིགས་བསལ་ཁྲིམས་ཀྱི་ཤེས་བྱ་གོང་འཕེལ་ཆེད་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།
བཅུ་པ། དགོས་དམིགས་གཅིག་མཚུངས་ཀྱི་རྒྱལ་སྤྱི་དང་། ས་གནས་ཀྱི་ཚོགས་སྡེ་ཁག་གི་ལྷན་དུ་འབྲེལ་ལམ་གང་ཐུབ་བྱ་རྒྱུ།
བཅུ་གཅིག བོད་མིའི་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་ལས་འཆར་ཇི་དགོས་ལས་རིམ་བཞིན་ལག་ལེན་བསྟར་རྒྱུ།
བཅུ་གཉིས། ཚོགས་པའི་དཔལ་འབྱོར་དང་མི་འགྲོའི་མཐུན་རྐྱེན་བཅས་ལ་བབ་བསྟུན་གྱིས་གོང་འཁོད་དམིགས་ཡུལ་ཁག་སྒྲུབ་ཐབས་ལ་འབད་བརྩོན་གནང་རྒྱུ་བཅས་རེད་འདུག

2013_7_2_1གསལ་བསྒྲགས་དེའི་ནང་མུ་འཐུད་དུ་འཁོད་དོན། “ཚོགས་པ་འདིས་ཁྲིམས་མཐུན་གྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་བྱ་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱས་ཏེ་རྒྱབ་སྐྱོར་རག་ཐབས། བཙན་བྱོལ་ནང་གི་ཁྲིམས་ལུགས་རིག་པ་བ་ཚང་མ་རྡོག་རྩ་ཆིག་བསྒྲིལ་གྱིས་ནུས་པ་ཐོན་པའི་ལས་དོན་ལ་འབད་བརྕོན་བྱ་རྒྱུ། དེ་བཞིན་ཡུལ་ཁྲིམས་ཀྱི་ཐོག་ནས་དཀལ་ངལ་འཕྲད་པའི་ཉམ་ཐག་རིགས་ལ་རོགས་རམ་བྱ་རྒྱུ་དང་། ཚོགས་པ་འདིའི་ཐོག་ནས་ཚོགས་མི་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་རྒྱུའི་སྡིངས་ཆ་བསྐྲུན་བཅས་ཀྱི་དམིགས་ཡུལ་བཟུང་ཡོད”་ཅེས་འཁོད་འདུག
མཐར་གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་པ་ལྟར་ན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་བཞུགས་སྒར་རང་དུ་འཛུགས་གཏན་ཁེལ་འདུག་པ་དང་། དེ་བཞིན་ཕྱི་ལོ་༢༠༡༤ ལོའི་མགོ་སྟོད་བར་ཚོགས་པའི་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་དང་ཡུལ་ཁྲིམས་འོག་དེབ་སྐྱེལ་གྲུབ་པ་བྱས་ཏེ་ཚོགས་ཆེན་བསྐོང་འཆར་ཡོད་འདུག

གསར་དུ་བཙུགས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་ལྔ་ནི། ཚོགས་གཙོ་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་རྒྱ་རི་བདེ་ཆེན་རྒྱལ་མོ་དང་། དྲུང་ཆེ་ཀ་སྦུག་ཏུ་གནས་སྡོད་ཁྲིམས་རྩོད་པ་ཚེ་རིང་དངོས་གྲུབ། འབྲེལ་མཐུད་པ་སྦེང་ལོར་ཁི་རེ་སིཊ་ཁྲིམས་ལུགས་གཙུག་ལག་སློབ་གྲྭའི་(Christ University Bangalore)ཞིབ་འཇུག་སློབ་མ་ LLM བློ་བཟང་གྲགས་པ་དང་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་ཆོས་བཟང་། རྩིས་གཉེར་དྷ་སར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་བཅས་ཡིན་པ་རེད།