སྔོན་མའི་བོད་ཀྱི་ལོ་ཙཱ་བ་དེ་ཚོའི་བཀའ་དྲིན་རེད།

2013_7_3_2

དེ་རིང་ཞོགས་པར་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་༢༠༡༣ ལོའི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་༨ པ་དེ་དབུ་འཛུགས་གནང་སོང་ལ། ལོ་འདིའི་རྩོམ་སྒྱུར་ཟབ་སྦྱོང་ཐོག་རྒྱ་གར་གྱི་མཐོ་སློབ་ཁག་དང་དེ་བཞིན་ས་རཱ་མཐོ་སློབ་དང་ཝ་ཎ་མཐོ་སློབ་བཅས་ནས་ཐོན་པའི་སློབ་མ་༣༣ མཉམ་ཞུགས་བྱས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག དྷ་ས་གངས་སྐྱིད་དུ་ཡོད་པའི་བོད་ཀྱི་དཔེ་མཛོད་ཀྱི་ཚོགས་ཁང་དུ་“༢༠༡༣ ལོའི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་༨ པ”་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྐུ་འགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་གཙོས། དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས། དེ་བཞིན་ཟབ་སྦྱོང་སྤྲོད་མཁན་གྱི་སློབ་དཔོན་རྣམ་པ་དང་། ལོ་འདིའི་རྩོམ་སྒྱུར་ཟབ་སྦྱོང་ཐོག་ཆེད་དུ་བཅར་བའི་སློབ་མ་བཅས་མཉམ་འཛོམས་བྱས་འདུག

2013_7_3_3

མཛད་སྒོའི་ཐོག་མར་སྐུ་འགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས། དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ཀྱིས་ཟབ་སྦྱོང་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྔོན་མ་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་དེ་བདུན་ཕྲག་གཉིས་ཀྱི་རིང་འཚོགས་ཀྱི་ཡོད་པ་དང་། དེ་རྗེས་དགེ་བཤེས་ལྷག་རྡོར་གྱིས་དཔེ་མཛོད་ཁང་གི་འགན་འཛིན་གྱི་ལས་འགན་བཞེས་པ་ནས། རྩོམ་སྒྱུར་ཟབ་སྦྱོང་དེ་གལ་ཆེན་པོར་བརྩིས་ཏེ་ལོ་རེར་ཟླ་བ་གསུམ་གྱི་རིང་འཚོགས་ཀྱི་ཡོད་པ་དེས། ད་ལྟའི་བར་ཟབ་སྦྱོང་བ་ཚོར་ཕན་ཐོགས་མི་དམན་པ་ཞིག་བྱུང་ཡོད་སྐོར་དང་། བོད་ནང་དུ་རྒྱ་གཞུང་གིས་མུ་མཐུད་དུ་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པར་བརྟེན། འདིར་རང་དབང་ལུང་པར་ཡོད་མཁན་ཚོའི་ངོས་ནས་བོད་མིའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་སླད་ཤུགས་རྒྱག་དགོས་སྐོར། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྟག་པར་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་ཚོས་འགྲོ་གྲོན་མི་དགོས་པར་སློབ་སྦྱོང་གི་སྡིངས་ཆ་འདི་འདྲ་ཞིག་བསྐྲུན་གྱི་ཡོད་པ་དེ་སྐལ་པ་བཟང་པོ་ཡིན་སྐོར་དང་། སློབ་མ་ཚང་མས་འགན་མཉམ་ཁུར་གྱིས་སོ་སོའི་ཐོག་མའི་དམིགས་ཡུལ་ལྟར་སློབ་སྦྱོང་བྱ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོས་ཐེངས་འདིའི་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས་བོད་མིའི་སྤྱི་ཚོགས་ནང་རྩོམ་སྒྱུར་བྱེད་མཁན་དེ་གལ་ཆེན་པོ་ཆགས་ཡོད་སྐོར་དང་འབྲེལ་གསུངས་དོན། “བོད་ཀྱི་ལོ་རྒྱུས་ནང་ལོ་ཙཱ་བའི་སྡེ་ཚན་དེ་གལ་ཆེན་པོ་ཞེ་དྲག་ཅིག་རེད། སྔོན་མའི་བོད་ཀྱི་ལོ་ཙཱ་བ་དེ་ཚོས་དཀའ་བ་མང་པོ་སྤྱད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ནང་ཆོས་སྦྱང་སར་ཡོང་བ་རེད། དེ་ཚོའི་རྗེས་སུ་འབྲངས་ནས་ཞེ་དྲག་ཅིག་བྱེད་མ་ཐུབ་ན་ཡང་གང་འཚམས་ཤིག་བྱེད་ཐུབ་ན་བསམ་གྱི་ཡོད། གང་ཡིན་ཟེར་ན། འཛམ་གླིང་ནང་སྐད་སྒྱུར་གྱི་གོ་སྐབས་དེ་བསྡུར་ན་བོད་པ་ཕལ་ཆེར་ཤུགས་ཆེ་ཤོས་དང་སྤུས་དག་ཤོས་ཡིན་པའི་ལོ་རྒྱུས་ཤིག་ཆགས་ཡོད་རེད། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཟེར་ནས་འཛམ་གླིང་འདིར་ངོམས་ཐུབ་པ་བྱུང་བ་དེ་ལོ་ཙྭ་བ་དེ་ཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ལོ་རྒྱུས་དེ་ཚོར་བསམ་བློ་བཏང་སྟེ་ད་ལྟ་ང་ཚོའི་རིག་གཞུང་ཉག་ཕྲ་བའི་དུས་ཚོད་འདིར་གང་ཐུབ་ཐུབ་ཀྱིས་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད”་ཅེས་གསུངས་སོང་།

2013_7_3_2ཡང་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་ཙཱ་བའི་ཟབ་སྦྱོང་འདི་དམིགས་ཡུལ་ཆེན་པོ་ཞིག་བཟུང་ནས་གོ་སྒྲིག་བྱས་པ་ཡིན་སྐོར་དང་། སློབ་མ་ཚོའི་ངོས་ནས་ཡིན་ན་ཡང་དེང་སང་གི་ཤེས་བྱ་གསར་པ་སྦྱང་པ་ཙམ་མ་ཡིན་པར་བོད་རང་གི་རིག་གཞུང་ལ་དོ་སྣང་བྱས་ཏེ་མི་རིགས་རང་གི་གོམས་གཤིས་དང་བཟང་སྤྱོད་སྦྱང་དགོས་སྐོར། དེ་བཞིན་སློབ་སྦྱོང་གང་བྱས་པ་དེས་སྤྱི་ཚོགས་ནང་ཕན་ཐོགས་པ་ཞིག་ལ་འབད་བརྩོན་བྱེད་དགོས་སྐོར་དང་། ཡིག་སྒྱུར་སྐབས་ནུབ་ཕྱོགས་པའི་ལྟ་གྲུབ་བེད་སྤྱོད་བཏང་སྟེ་ནང་ཆོས་ལ་བསྲེས་ལྷད་གཏོང་གི་ཡོད་པ་དེ་དག་མི་ཡོང་ཐབས་འབད་བརྩོན་དགོས་སོགས་བརྗོད་དེ་ཡིག་སྒྱུར་སྐབས་དོ་སྣང་བྱ་དགོས་པའི་གནད་དོན་ཁག་ངོ་སྤྲོད་གནང་སོང་།

མཐར་ཟབ་སྦྱོང་འབྲེལ་མཐུད་པ་ཕུར་བུ་སྒྲོལ་མས་ཐེངས་འདིའི་ཟབ་སྦྱོང་གི་སློབ་དཔོན་ཚོ་ངོ་སྤྲོད་གནང་སོང་། ཟབ་སྦྱོང་འདིར་ཟླ་བ་གསུམ་གྱི་རིང་ཡིག་སྒྱུར་གཙོས་པའི་ནང་ཆོས་དང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་འདུག་ལ། དེ་བཞིན་མཚམས་རེར་མཁས་པ་དང་གཏམ་བཤད་པ་དེ་འདྲ་ཆེད་དུ་གདན་ཞུས་ཀྱིས་སློབ་མ་ཚོར་གཏམ་བཤད་དང་བགྲོ་གླེང་ཡང་བྱ་རྒྱུའི་གོ་སྐབས་ཡོད་འདུག

དཔེ་མཛོད་ཁང་གིས་ཕྱི་ལོགས་ནས་ཡོང་བའི་སློབ་མ་སྡོད་ཁང་ངེས་གཏན་མེད་ས་ཚོར་སྡོད་ཁང་གྲ་སྒྲིག་དང་། དེ་བཞིན་སྡོད་ཁང་ཡོད་ས་ཚོར་ཟླ་བ་རེར་ཧིན་སྒོར་༢༠༠༠ རེ་གནང་གི་ཡོད་འདུག