ཨ་རིའི་རང་བཙན་ཉིན་མོ་སྲུང་བརྩི།
ཕྱི་ཟླ་༧ པའི་ཚེས་༤ ཉིན་དེ་དབྱིན་ཇིའི་འོག་ནས་ཨ་རིར་རང་བཙན་ཐོབ་པའི་ཉིན་མོར་ལོ་རྟག་པར་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། ལོ་འདིའི་ཕྱི་ཟླ་༧ པའི་ཚེས་༤ ཉིན་ཡང་ཨ་རིའི་རྒྱལ་ས་གཙོས་པའི་གྲོང་ཁྱེར་ཁག་གི་ནང་མི་མང་གིས་ཉིན་མོ་དེ་སྲུང་བརྕི་ཟབ་རྒྱས་བྱས་ཡོད་པ་རེད།
དེ་ཡང་ལོ་རྒྱུས་ཐོག་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་འོག་ནས་རང་བཙན་བསྐྱར་དུ་ཐོབ་པ་ལྟར། ཕྱི་ལོ་༡༧༧༦ ལོའི་ཕྱི་ཟླ་༧ པའི་ཚེས་༤ ཉིན་ཨ་རིའི་གྲོང་ཁྱེར་ཧྥི་ལ་ཌལ་ཕི་ཡའི་ནང་སྐབས་དེའི་ཨ་རིའི་མངའ་སྡེ་ཁག་གི་འཐུས་མི་ཚོས། ཨ་རིའི་རྒྱལ་ཁབ་དེ་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཡིན་པའི་གསལ་བསྒྲགས་བྱས་ཏེ། ས་ཆ་དེར་འཛམ་གླིང་གི་དམངས་གཙོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཐོག་མ་དེ་བཙུགས་ཡོད་པ་རེད། དེ་བཞིན་འདས་པའི་ལོ་ཉིས་བརྒྱ་ལྷག་གི་རིང་ཕྱི་ཟླ་༧ ཚེས་༤ ཉིན་མོ་དེ་ཨ་རིའི་རང་བཙན་ཉིན་མོར་མི་མང་གིས་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༤ ཉིན་ཡང་ཨ་རིའི་རྒྱལ་ས་གཙོས་པའི་གྲོང་ཁྱེར་ཁག་གི་ནང་མི་མང་གིས་ཉིན་མོ་དེ་སྲུང་བརྕི་ཟབ་རྒྱས་བྱས་ཡོད་པ་རེད།