ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་ལས་རིམ།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་རྒྱལ་ཡོངས་འོས་བསྡུའི་ཆེད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་དང་། ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བཅས་སུ་གཏན་འཁེལ་ཡོད་པ་རེད།
ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༡ ལོར་མདོ་ཁམས་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་ཐུགས་འགན་བཞེས་ཐོག་རྒྱ་བལ་འབྲུག་གསུམ་སོགས་བོད་མི་གནས་སྡོད་ཕྱི་རྒྱལ་ཡུལ་གྲུ་ཡོངས་ཀྱི་མདོ་སྟོད་མི་མང་རྣམས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་གནང་བ་ནས་བཟུང་རྒྱལ་ཡོངས་འོས་བསྡུ་ཐེངས་བཞི་གནང་ཟིན་ཡོད་པ་དང་། ད་ཡོད་སྐབས་ ༡༩ པའི་དབུས་རྒྱུན་རྣམས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༦ པར་ལས་དུས་གཙང་རྒྱུ་ཡིན་པར་བརྟེན་ སྐབས་ ༢༠ པའི་དབུས་རྒྱུན་འོས་འདེམས་ཆེད་ ༢༠༡༣ ཟླ་ ༢ ཚེས་ ༢༦ ཉིན་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི་དོན་ཚན་ ༥༡ པའི་དགོངས་དོན་སྐབས་ ༥ པའི་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་གསུམ་བསྐོ་གཞག་གནང་བ་ལྟར་ ༢༠༡༣ ཟླ་ ༧ ཚེས་ ༦ དང་ ༧ ཉིན་གཉིས་རིང་རྡ་སར་ཡོད་པའི་ཆུ་སྒང་དབུས་རྒྱུན་ཡན་ལག་ལས་ཁང་དུ་ཚང་འཛོམས་གྱིས་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་དང་། ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བཅས་སུ་གཏན་འཁེལ་གྱིས་རྒྱལ་ཡོངས་འོས་བསྡུའི་ལས་རིམ་ཁག་དང་བྱེད་སྒོ་ལམ་སྟོན་རྣམས་གཏན་འབེབས་ཀྱིས་ཐོག་མར་སྒྲིག་དོན་བཞིན་ས་གནས་འོས་བསྡུའི་ཚོགས་མི་རྣམས་གསར་འདེམས་ཆེད་ས་གནས་རྒྱུན་ལས་ཁག་ ༤༠ ཙམ་ཡོད་པ་རྣམས་ལ་འབྲེལ་ལམ་གྱིས་འོས་བསྡུའི་ཚོགས་མི་རྣམས་ཀྱི་མིང་ཐོ་དབུས་སུ་དུས་ཐོག་འབུལ་འབྱོར་དགོས་སྐོར་དང་། དེ་རྗེས་ལས་རིམ་གཞན་རྣམས་རིམ་བཞིན་ལག་བསྟར་དགོས་སྐོར་གྱི་བཀོད་ཁྱབ་གཏོང་རྒྱུ་འགོ་བཙུགས་ཡོད་པ་རེད།།