གསང་བ་ཕྱིར་བསྒྲགས་མཁན་ཨུ་རུ་སུ་ནས་མགྱོགས་པོ་ཐོན་རྒྱུ་རེད་ཟེར།

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་“ཨ་རིའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་སི་ནོལ་ཌིན་ལ་ཕྱི་བསྐྱོད་རྒྱུའི་གོ་སྐབས་ཤིག་རག་པ་ཡིན་ན། ཨུ་རུ་སུ་ནས་མགྱོགས་པོ་ཁ་བྲལ་རྒྱུ་རེད་”ཅེས་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྲིད་འཛིན་པུ་ཌིན་གྱིས་སློབ་ཆེན་ཞིག་ཏུ་གསུང་བཤད་སྐབས། “སི་ནོལ་ཌིན་ཨུ་རུ་སུའི་རྒྱལ་སྤྱིའིོ་གནམ་ཐང་དུ་ལུས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་པ་ནི། དོན་དངོས་སུ་ཨ་རིས་ཁོང་གི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པའི་རྐྱེན་ཡིན་པ་དང་། སི་ནོལ་ཌིན་ཨུ་རུ་སུར་སླེབས་པ་ནི་མགྲོན་འབོད་བྱས་པ་ཞིག་མིན་པ་མ་ཟད། ཁོང་གི་མཐའ་མའི་དམིགས་ཡུལ་གྱི་རྒྱལ་ཁབ་ཀྱང་ཨ་རུ་སུ་མ་རེད་”ཅེས་བརྗོད་ཡོད་པ་རེད།

ཟླ་འདིའི་འགོ་སྟོད་ཙམ་ལ་བྷོ་ལི་བི་ཡཱ་(Bolivia)དང་ནེ་ཀཱ་རཱ་གྷུ་(Nicaragua)དེ་བཞིན་བན་ནེ་རྫུ་ལཱ་( Venezuela)བཅས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་གསུམ་གྱིས་སི་ནོལ་ཌིན་ལ་ཆབ་སྲིད་སྐྱབས་བཅོལ་ངོས་ལེན་བྱས་ཡོད་ཀྱང་། ཁོང་འདས་པའི་བདུན་ཕྲག་གསུམ་ཙམ་གྱི་རིང་ཨུ་རུ་སུ་རྒྱལ་སྤྱིའི་གནམ་ཐང་དུ་དཀའ་ངལ་འོག་ལུས་དོན་ནི་ཕྱི་བསྐྱོད་ལག་ཁྱེར་གྱི་ཡིག་ཆ་མེད་པའི་རྐྱེན་གྱི་ཡིན་པ་རེད།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་སི་ནོལ་ཌིན་གྱིས་ཨུ་རུ་སུ་རྒྱལ་སྤྱིའི་གནམ་ཐང་དུ་འགྲོ་བ་མིིའི་ཐོབ་ཐང་ལས་འགུལ་མི་སྣ་དང་ཐུག་འཕྲད་བྱས་པའི་སྐབས། ཁོང་གིས་བདེ་འཇགས་ངང་ལྷོ་ཨ་མེ་རི་ཁའི་ནང་མ་སླེབས་བར་དུ་ཨ་རུ་སུར་དུས་ཡུན་ཐུང་ངུའི་ནང་ཉེན་ཡོལ་དུ་སྡོད་ཆོག་པའི་རེ་འདུན་བཏོན་ཡོད་པ་རེད།

ཨུ་རུ་སུའི་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཁོང་ཚོར་ད་དུང་སི་ནོལ་ཌིན་ཆབ་སྲིད་སྐྱབས་བཅོལ་གྱི་སྙན་ཞུ་འབྱོར་མ་སོང་ཞེས་བརྗོད་ཡོད་པ་རེད།