ཀྲུའུ་ཝི་ཆོན་གྱི་རྩོམ་ཡིག་ལ་ཞིབ་ཏུ་ལྟ་བ།
ཏྲེ་ཧོར་ཐུབ་བསྟན།
ཕྱི་ཟླ་༧ པའི་ཚེས་༡༦ ཉིན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཟུར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝན་ཆོན་གྱིས་རྒྱ་ནག་<<གོ་ལའི་དུས་བབ་>>སྟེང་“དབུ་མའི་ལམ་ནི་རང་བཙན་གྱི་གོམ་ཁ་གཉིས་པ་རེད་”ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་།
རྩོམ་ཡིག་འགོ་བཙུགས་དུས་དེ་ནས་“རྒན་ཡོལ་བྱས་ནས་ལོ་ཤས་སོང་བའི་ཏཱ་ལའི་བླ་མས་ཨོ་སི་ཁྲུ་ལི་ཡར་དད་ལྡན་མང་ཚོགས་རྣམས་ལ། བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཁོང་གིས་བཏོན་པའི་དབུ་མའི་ལམ་ནི་བོད་དོན་ཐག་གཅོད་བྱེད་པའི་ཐབས་ཡག་ཤོས་དེ་རེད་ཅེས་”གཏམ་མགོ་རྔ་མེད་པ་ཅིག་གིས་རྩོམ་ཡིག་འགོ་བཙུགས་འདུག ༧གོང་ས་མཆོག་གིས་ཨོ་སི་ཁྲུ་ལི་ཡར་བོད་མི་དང་ཧི་མ་ལ་ཡིའི་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་གནང་སྐབས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཡིད་ཆེས་བློ་འགེལ་དང་དད་པ་བྱས་ས་གཙོ་བོ་དེ་ཁོང་ཉིད་ཡིན་པར་གསུངས་པ་ལས། བོད་ཕྱི་ནང་གཉིས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ཁོང་ཉིད་ཡིན་པར་གསུངས་མེད་པ་མ་ཟད། སྐབས་དེར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱིས་བོད་ནང་གི་བོད་མིའི་ཚོའི་ཚབ་མཚོན་ཐབས་མེད་པར་ཡང་གསུངས་ཡོད། མཚོན་ཡུ་མེད་གཡུགས་ནས་ཆོད་ལུགས་མེད། གཏམ་ཁུངས་མེད་བཤད་ནས་བདེན་ལུགས་མེད་ཅེས་པ་ལྟར་འཆལ་གཏམ་ཞིག་གིས་རྩོམ་གྱི་མདུན་བསུས་པ་ནི་དགོད་བྲོ་བ་ཞིག་རེད།
ཁོང་གིས་རྩོམ་ཡིག་ནང་འཁོད་དོན། “ཁྱད་མཚར་བའི་ངང་ཚུལ་ཞིག་ནི། “དབུ་མའི་ལམ་”ལ་རྒྱབ་སྐྱོར་བྱེད་མཁན་ཐམས་ཅད་ཀྱིས་དབུ་མའི་ལམ་གྱི་ཞིབ་ཕྲའི་ནང་དོན་བཤད་ཀྱི་མེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། དབུ་མའི་ལམ་གྱི་འགྲེལ་བཤད་ཅུང་ཞིབ་ཕྲ་རུ་བཏང་ན་རང་བཙན་གྱི་རྣམ་འགྱུར་མངོན་འོང་“ཟེར། བོད་ཀྱི་གཏམ་དཔེར། བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་བ་ཅིས་མ་བདེན། ཀྲུའུ་ཝེ་ཆོན་དོགས་པ་ཟ་སྟངས་ཀྱི་ངང་ཚུལ་འདི་དངོས་གནས་ཁྱད་མཚར་བ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབས་ཐོབ་ཐབས་དེ་ནི་དབུ་མའི་ལམ་གྱི་དགོངས་དོན་གཙོ་བོ་ཡིན་པ་ཀུན་གྱིས་ཤེས་གསལ་རེད་ལ། བོད་མའི་ལམ་གྱི་བྱུང་རིམ་དང་དེའི་ངོ་སྤྲོད། ཞི་བདེའི་སྔོན་འགྲོའི་དོན་ཚན་ལྔ་དང་སི་ཊས་སི་སྦག་གི་གསུང་བཤད། དབུ་མའི་ལམ་གྱི་གྲོས་འཆར། དབུ་མའི་ལམ་གྱི་དགོངས་དོན་དང་བྱུང་རབས། དེ་བཞིན་“བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ”་སོགས་ཞིབ་ཅིང་ཕྲ་བ་བོད་རྒྱ་དབྱིན་གསུམ་གྱི་ཡིག་ཐོག་ཏུ་འཁོད་དེ་ཡོངས་གྲགས་སུ་ཀུན་གྱིས་ལྟ་ཆོག་ཆོག་ཡིན་པ་མ་ཟད། དེ་ལ་སྦས་སྐུང་བྱས་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པ་ཞིག་ལ་དོགས་སློང་བྱས་པ་ནི་ཁྱད་མཚར་བ་ཞིག་རེད།
ཁོང་གིས་“ཏཱ་ལའི་རུ་ཚོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ནི་ཕྱི་ལོ་༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་འདོན་པའི་ཞི་བདེའི་གྲོས་འཆར་ལྔ་དང་། ཕྱི་ལོ་༡༩༨༨ ལོར་སི་ཊས་སྦག་ཏུ་ཡུ་རོབ་གྲོས་ཚོགས་ཐོག་བཏོན་པའི་གྲོས་འཆར་དོན་ཚན་བདུན་རྨང་གཞིའི་འོག་གྲུབ་པ་ཞིག་རེད་ལ། དབུ་མའི་ལམ་གྱི་རྒྱབ་ལྗོངས་ནི། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཉིན་རེར་བཞིན་དར་ཞིང་རྒྱས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་དྲག་ཆས་གཏོར་རྒོལ་ཐེངས་མང་ཕམ་པར་བརྟེན། ཏཱ་ལའི་རུ་ཚོགས་ནང་ཁུལ་དུ་རྩོད་རྙོག་རྒྱུན་ཆད་མེད་པར་བྱུང་ཡོད། ལྷག་པར་དུ་ཨ་རིས་རྒྱ་ནག་དང་འབྲེལ་ལམ་ལེགས་བཅོས་ཀྱི་ཆེད་དུ། ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱིས་དཔལ་འབྱོར་དང་དམག་ཤུགས་ཀྱི་རོགས་སྐྱོར་མཚམས་འཇོག་བྱས་པ་སོགས་ལ་བརྟེན་ནས། ཡོངས་གྲགས་ཀྱིས་བོད་རང་བཙན་རྩོད་ཐབས་མེད་པར་གྱུར་པ་དང་། ད་གཟོད་དབུ་མའི་ཞེས་པ་འདི་བྱུང་བ་རེད་”ཟེར།
ཕྱི་ལོ་༡༩༥༡ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་བོད་སྡེ་པ་གཞུང་བར་བཞག་པའི་དོན་ཚན་༡༧ ཅན་གྱི་གྲོས་མཐུན་དེ་གཉིས་མོས་དང་འདྲ་མཉམ་འོག་བཞག་པ་ཞིག་མིན་ཡང་། བོད་རྒྱ་མི་རིགས་གཉིས་ཕན་གྱི་ཆེད་དུ་ཐབས་ཤེས་རྩལ་སྤྲུགས་གནང་ཏེ་ཕྱི་ལོ་༡༩༥༩ ལོའི་བར་དུ་བཀའ་ཤག་གིས་རྒྱ་གཞུང་དང་གྲོས་མོལ་བྱས་ཏེ་འགྲིག་ཆགས་ཡོང་ཐབས་བྱས་པ་དང་། གྲོས་མཐུན་དོན་ཚན་༡༧ གྱི་འབྲུ་དོན་གཞིར་བཟུང་ན་དབུ་མའི་ལམ་དང་ཕལ་ཆེར་མཚུངས་པ་ཞིག་ཡིན་ཡང་། ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ནང་དུ་ལྷ་སར་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་དྲག་གནོན་ཚད་མེད་བྱས་སྟབས། ༧གོང་ས་མཆོག་གཙོས་པའི་བཀའ་ཤག་སྲིད་གཞུང་གི་མཛད་གཙོ་རྣམ་པ་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་བྱུང་། རང་དབང་ལུང་པའི་ནང་དུ་འབྱོར་མ་ཐག་༧གོང་ས་མཆོག་གིས་གྲོས་མཐུན་དོན་ཚན་༡༧ ནི་བཙན་འོག་ཏུ་བཞག་པ་དང་། རྒྱ་གཞུང་གིས་འབྲུ་དོན་ཁག་བརྡར་གཤིག་བཏང་བའི་རྒྱུ་མཚན་གཉིས་ལ་བརྟེན་ནས་རྩིས་མེད་བཏང་ཏེ་བོད་རང་བཙན་སླར་གསོའི་གསལ་བསྒྲགས་བསྐྱངས། ཕྱི་ལོ་༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་“བོད་རང་བཙན་ཕུད་པའི་གཞན་གནད་དོན་ཅི་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་”ཞེས་གྲོས་འགོ་བཏོན་སྐབས། ༧གོང་ས་མཆོག་གིས་རྒྱལ་སྤྱིའི་འགྱུར་འགྲོས་དང་གནས་བབས་ཡོངས་ལ་གཟིགས་ཏེ་བོད་མི་མང་སྤྱི་འཐུས་དང་བཀའ་ཤག་སོགས་གནད་ཡོད་ཐམས་ཅད་དང་གྲོས་བསྡུར་གྱི་ལམ་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གཏན་ལ་ཕབ་སྟེ། ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༡༥ ཉིན་སི་ཊས་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས། དེ་ལྟར་དབུ་མའི་ལམ་གྱི་རྒྱབ་ལྗོངས་ཅུང་ཟད་བཤད་དོན་ཡང་ཀྲུའུ་ཝན་ཆོན་གྱིས་བརྗོད་པ་ལྟར་རྒྱ་ནག་དང་རྒྱལ་སྤྱིས་གནོན་ཤུགས་ལ་བརྟེན་ནས། བོད་རང་བཙན་དོར་ནས་དབུ་མའི་ལམ་དུ་མ་བསྐྱོད་ཐབས་མེད་ཆགས་པ་ཞིག་གཏན་ནས་མིན་པར། ཉིན་རེར་བཞིན་ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་། རྒྱ་ནག་ངོས་ནས་བཤད་ནའང་། ས་ཆའི་བདག་དབང་གི་རྩོད་རྙོག་མེད་པར་མངའ་ཁོངས་གཅིག་གྱུར་གྱི་དགེ་ཕན་ཡོངས་སུ་ཚང་བ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ས་མཚམས་ཞི་བདེ་ལྷིང་འཇགས་ཡོང་བའི་ཕྱོགས་ཡོངས་ཀྱི་དགེ་མཚན་ལ་གཞིགས་ཏེ་ད་གཟོད་གཏན་ལ་ཕབ་པ་ནི་དབུ་མའི་ལམ་གྱི་རྒྱབ་ལྗོངས་དངོས་རེད།
ཀྲུའུ་ཝན་ཆོན་གྱིས་རྩོམ་ཡིག་ནང་མུ་མཐུད་དུ་འཁོད་དོན།་“གོང་གི་“ཞི་བའི་གྲོས་འཆར་ལྔ་”དང་སི་ཊས་སི་སྦག་“གྲོས་འཆར་དོན་ཚན་བདུན་”གཉིས་མཉམ་དུ་བསྡོམས་ན་དབུ་མའི་ལམ་ལ་ཆ་རྐྱེན་ལྔ་ཡོད། གཅིག བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་མི་བྱས་པར། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་དང་། དེ་ནི་མ་འོངས་པར་གོ་སྐབས་རག་ཚེ་བོད་རང་བཙན་སླར་གསོ་བྱེད་པའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་གཞི་འཛིན་ས་རེད། གཉིས། ལོ་རྒྱུས་ཐོག་ཏུ་བོད་ཆེན་པོ་ཟེར་བ་ཞིག་ཡོད་པར་རྩར་ནས་ཁས་ལེན་མི་བྱས་པར། རྒྱ་ནག་གི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་གྱི་རང་སྐྱོང་ཁུལ་གཉིས། ཀན་སུའུ་དང་ཡུའུ་ནེ་གཉིས་ཀྱི་རང་སྐྱོང་ཁུལ་རེ་རེ་བཅས་ཡོངས་རྫོགས་ཏཱ་ལའི་བླ་མས་དབང་བསྒྱུར་བྱེད་འཆར་དེ་རེད། གསུམ། བོད་ཆེན་པོ་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་སྟེ། ཕྱི་འབྲེལ་ཕུད་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། མི་འབོར། སློབ་གསོ། སྐད་ཡིག ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་སོགས་ཆ་ཚང་ཏཱ་ལའི་བླ་མས་སྟངས་འཛིན་བྱེད་དགོས་པ། བཞི། རྒྱ་ནག་དབུས་གཞུང་གིས་བོད་ཆེན་པོ་ནས་བཅིངས་བཀྲོལ་དམག་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ། བོད་དེ་དམག་ཤུགས་མེད་པའི་ཞི་བདེའི་ས་ཁུལ་ཞིག་ཏུ་བསྒྱུར་དགོས་པ། ལྔ། བོད་དུ་གནས་སྤོས་བྱས་པའི་རྒྱ་རིགས་ཡོངས་རྫོགས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དགོས་པ་”བཅས་ལྔ་རེད།
ཁོང་གིས་ཉ་དང་ཉུང་མ་མཉམ་དུ་བསྲེས་ནས་དབུ་མའི་ལམ་གྱི་ཁྱད་ཆོས་ལྔ་བགྲངས་ཏེ་དབུ་མའི་ལམ་གྱི་ཕུགས་འདུན་རང་བཙན་ཡིན་པར་བཤད་པ་ནི་རྒྱུ་མཚན་མེད་པ་ཞིག་རེད། གཅིག བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ནི་རི་རབ་ལྟར་སྤུངས་པའི་རྒྱ་བོད་ཡིག་རིགས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱིས་བདེན་དཔང་བྱས་ཐུབ་པ་རྩོད་མེད་ཡོངས་གྲགས་ཡིན་ཡང་། འདས་པའི་ལོ་རྒྱུས་ཀྱི་གནས་བབས་ལ་རྩོད་གླེང་མི་བྱེད་པ་ནི་དབུ་མའི་ལམ་གྱི་གྲུབ་ཆ་གཙོ་བོ་གཅིག་ཡིན་པས་ལོ་རྒྱུས་གླེང་དགོས་པའི་རྒྱུ་མཚན་མེད། གཉིས། བོད་ཆེན་པོ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་གཞིགས་ཏེ་ཅུང་ཟད་འགྲེལ་བ་ཡིན་ན། དེའི་གོ་དོན་ནི་ས་ཁྱོན་ཆེ་ཆུང་དང་སྲིད་དབང་གི་མངའ་ཁོངས་སོགས་གཏན་ནས་མིན་པར། སྔ་མོ་རྒྱ་གར་བས་བོད་ལ་བྷོ་ཊ་དང་མ་ཧ་བྷོ་ཊ་ཞེས་འབོད་པ་བོད་དང་བོད་ཆེན་པོའི་དོན་ཡིན་ཡང་། དེ་ནི་རྒྱ་གར་དང་ཅུང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ལ་བྷོ་ཏ་(Bhota) དང་རྒྱ་གར་རྒྱང་ཐག་རིང་བའི་བོད་ལ་མ་ཧ་བྷོ་ཊ་((Mahābhota)ཞེས་འབོད་པ་ནི་ས་ཐག་རིང་ཐུང་གི་དོན་ཡིན། དེ་བཞིན་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་ཐང་རྒྱལ་ཁབ་ཆེན་པོ་(大唐)དང་བྷོད་ཆེན་པོ་(大蕃)ཞེས་རྒྱལ་ཁབ་ཕན་ཚུན་དབར་ཆེ་བསྟོད་དང་གུས་བརྩི་མཚོན་བྱེད་ཀྱི་རླབས་ཆེན་ཞེས་པའི་དོན་དང་མཚུངས་པ་ལས་ས་ཁྱོན་དང་མངའ་ཁོངས་ཆེ་ཆུང་གི་གོ་དོན་མིན། དེ་བཞིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུ་ནན་བཅས་ལྗོངས་དང་རང་སྐྱོང་ཁུལ་མང་པོར་བགོས་ཏེ་ཁ་འཐོར་གྱིས་སྟངས་འཛིན་བྱས་པ་དེས། བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། སྐད་ཡིག མི་རིགས་ངོས་འཛིན་བཅས་རྩ་མེད་དུ་འགྲོ་བའི་གཞི་རྩར་གྱུར་ཡོད་པས་རྒྱ་ནག་གིས་ད་ལྟའི་བོད་ཀྱི་གནས་བབ་ལ་ངོས་ལེན་མ་བྱས་པ་ནི་དབུ་མའི་ལམ་གྱི་གྲུབ་ཆ་གཙོ་བོ་གཉིས་པ་དེ་རེད། གསུམ། ཕྱི་འབྲེལ་ཕུད་པའི་གཞན་ལས་རིགས་ཡོངས་རྫོགས་བོད་མི་རང་ཉིད་ཀྱི་འགན་ཁུར་ནས་ལས་དོན་བསྒྲུབ་དགོས་རྒྱུ་ནི་དངོས་ཡོད་གནས་ཚུལ་དང་འཚམས་པ་དང་། ད་ལྟའི་བོད་ཀྱི་ས་ཁུལ་ཁག་གི་ལས་གནས་གལ་ཆེན་ཐམས་ཅད་ཀྱི་དབང་འཛིན་པ་རྒྱ་རིགས་ཡིན་པ་མ་ཟད། བོད་མི་རྣམས་རང་གི་ས་ཐོག་ཏུ་མི་རིགས་ཕལ་བ་ཞིག་ཆགས་ཡོད་པའི་གནས་སྟངས་འདི་ནི་དྲག་པོའི་དབང་བསྒྱུར་གྱི་ཉེར་ལེན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ལས། ཀྲུའུ་ཝེ་ཆོན་གྱི་སྐད་ཆ་དེ་ལ་དངོས་ཡོད་གནས་ཚུལ་གྱི་གཞིར་འཛིན་ས་ཅུང་ཟད་ཙམ་ཡང་མེད། བཞི། བོད་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ་བོད་དེ་དམག་ཤུགས་མེད་པའི་ཞི་བདེའི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་འཆར་སྣང་ནི། དེང་གི་རྒྱལ་སྤྱིའི་གནབ་བབས་དང་བསྟུན་པའི་ཧ་ཅང་འོས་འཚམས་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་ཞིག་ཡིན་ཞིང་། དེང་གི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཆེ་ཆུང་ཀུན་ལ་འཕྲད་བཞིན་པའི་རྡུལ་ཕྲན་གྱི་འཇིགས་སྐུལ་དང་ཁོར་ཡུག་ཉམས་ཆག་གི་དཀའ་ངལ། མཁའ་དབུགས་སྦག་གཙོག་གི་གནད་དོན། ས་མཚམས་ཀྱི་རྩོད་རྙོག་སོགས་ཐམས་ཅད་དཔལ་འབྱོར་མགྲན་སྡུར་དང་དམག་སྟོབས་ཆེ་ཆུང་ལ་བརྟེན་ནས་ཡོང་གི་ཡོད་སྟབས། འཚེ་བ་དང་དྲག་པོའི་ལས་དེ་དག་ཡོངས་སུ་བྲལ་བའི་ཞི་བདེའི་ས་ཁུལ་ཞིག་ཏུ་བསྒྱུར་འཆར་ནི་བོད་དང་རྒྱ་ནག་གཉིས་སྨན་གྱི་ཐབས་མཆོག་ཅིག་མ་ཡིན་ནམ། ལྔ། ད་ལྟའི་ཆར་བོད་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཀྱི་གྲངས་འབོར་ནི་བོད་ཀྱི་མི་གྲངས་ལས་བརྒལ་ཡོད་པ་ལྟར། བོད་རང་གི་ས་ཐོག་ཏུ་བོད་རིགས་གྲངས་ཉུང་མི་རིགས་ཆགས་ཡོད་པའི་གནས་སྟངས་འདི་ནི་བཙན་པོ་དབང་ཡོད་ཀྱི་སྲིད་བྱུས་ཤིག་ཡིན་པ་ལས། འཛམ་གླིང་ཕྱི་ནང་གི་རྒྱལ་ཁབ་དང་མི་རིགས་གང་གི་ལོ་རྒྱུས་དང་ཁྲིམས་ལུགས་ལ་གཞིར་བཅོལ་ཡང་གནས་ལུགས་དང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ཡིན་པ་མ་ཟད། མི་སེར་སྤེལ་བའི་རྒྱལ་ཁབ་ཀྱི་བྱེད་སྟངས་དང་ཡོངས་སུ་མཚུངས་པ་ཞིག་རེད།
ཀྲུའུ་ཝེ་ཆོན་ནི་བོད་རྒྱ་ཞི་མོལ་སྐབས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ལྷན་དུ་རྒྱ་ནག་ཕྱོགས་ཀྱི་སྐད་ཆ་བཤད་མཁན་གཙོ་བོ་གཅིག་ཡིན་པས་བོད་རྒྱ་ཞི་མོལ་སྐོར་ནི་ཁོང་གི་རྩོམ་ཡིག་དང་ཁ་བྲལ་ཐབས་མེད་ཅིག་ཆགས་ཡོད། དེ་ཡང་ཁོང་གིས་བརྗོད་རྒྱུར། “ཕྱི་ལོ་༢༠༠༨ ལོའི་ཟླ་༡༡ པའི་གྲོས་མོལ་སྐབས། ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཀྱིས་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྐུ་ཚབ་ལ་<<བོད་རིགས་ཡོངས་ལ་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་>>ཞེས་པ་ཞིག་སྤྲད་ཡོད་པ་དང་། དེ་ནི་ཆེས་གསར་ཤོས་ཀྱི་དབུ་མའི་ལམ་ཡིན་པར་བརྗོད། ཡིན་ནའང་བསམ་འཆར་ཡིག་ཆ་དེ་དང་གོང་གི་དབུ་མའི་ལམ་གྱི་ནང་དོན་ལས་འགྱུར་བ་གང་ཡང་ཕྱིན་མེད་པར། ཡིད་ཆེས་བྱེད་མི་ཐུབ་པའི་ཡི་གེ་ཁ་ཤས་མང་དུ་སོང་ཡོད་པ་ཙམ་རེད་”ཅེས་ཟེར། རྒྱ་ནག་དབུས་གཞུང་གིས་‘‘བསམ་འཆར་’’དེའི་ལན་འདེབས་དང་སྐྱོན་བརྗོད་ནི་ཀྲུའུ་ཡིས་རྩོམ་ཡིག་ནང་བྲིས་པ་ལྟར་ ‘‘བསམ་འཆར་’’གྱི་ཡིག་ཆའི་ནང་དོན་ལ་གཞི་བཅོལ་བ་མ་ཡིན་པར་དུས་སྐབས་གཞན་དང་གནས་སྟངས་གཞན་གྱི་འོག་མང་ཚོགས་སུ་གནང་བའི་གྲོས་འཆར་དང་གསུང་བཤད་སྔ་མ་རྣམས་ལ་ཁ་གཡར་ལག་ཕྱིས་བྱས་པ་ཙམ་ཡིན་པ་དང་། དོན་དུ་ཁོང་གིས་༢༠༠༨ལོའི་“བསམ་འཆར་”ཡིག་ཆའི་ནང་དོན་ཁག་གི་ཞིབ་ཕྲའི་འབྲུ་དོན་ལ་སྐྱོན་འཛུགས་མ་ནུས་པར། སྔོན་མ་ལས་ཡི་གེ་མང་དུ་སོང་འདུག་ཅེས་པ་ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་རུ་སོང་བ་ཞིག་རེད།
ཀྲུའུ་ཡིས་“དབུ་མའི་ལམ་གསར་རྙིང་གང་ཡིན་ལ་མ་ལྟོས་པར་རྒྱ་ནག་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་ལམ་ལུགས་ལ་རྒྱབ་འགལ་བྱས་པས། བོད་ཚུད་པའི་རྒྱལ་གཅེས་ཀྱི་བསམ་བློ་ཡོད་མཁན་སུ་གཅིག་གིས་ཁས་ལེན་བྱེད་སྲིད་དམ། འཛམ་གླིང་ཐོག་གི་འགན་ཁུར་ཡོད་པའི་སྲིད་གཞུང་སུ་ཡིན་ནའང་། དེ་ལྟ་བུའི་དགོས་འདུན་ལ་གཟོད་སྒམ་བྱེད་སྲིད་དམ། ”ཞེས་སོགས་བརྗོད་དེ་དབུ་མའི་ལམ་གྱི་ནང་དོན་ནི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་ཚུད་ཀྱི་མེད་ལུགས་བཤད་འདུག
མི་རིགས་ས་གནས་རང་སྐྱོང་གི་གཞི་རྩའི་ལྟ་གྲུབ་ནི། མི་རིགས་མང་བའི་རྒྱལ་ཁབ་ནང་འདྲ་མཉམ་དང་། མཐུན་སྒྲིལ་གྱི་ལམ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་། ཡུལ་སྲོལ་གོམས་གཤིས། སྐད་ཡིག རིག་གནས་བཅས་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་དེ་ཡིན་པས། རྒྱ་ནག་གི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྣམས་སུ་རང་སྐྱོང་གི་དབང་ཆ་ལག་བསྟར་ཡོང་ཆེད་རང་སྐྱོང་གི་ལས་ཁུངས་འཛུགས་རྒྱུའི་ཆ་རྐྱེན་གསལ་པོ་འཁོད་ཡོད་པ་མ་ཟད། ཕྱི་ལོ་༢༠༠༤ལོའི་ཟླ་༥པའི་ནང་བཏོན་པའི་“བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་”ཞེས་པའི་ཤོག་བུ་དཀར་པོའི་ནང་གྲངས་ཉུང་མི་རིགས་རྣམས་“རང་ཉིད་ཀྱི་ལས་དབང་སྒྱུར་ཞིང་རང་ཁྱིམ་རང་བདག་”ཡིན་ལུགས་འཁོད་ཡོད། གཞི་རྩའི་ལྟ་གྲུབ་དང་མ་འགལ་ཕྱིན་རྩ་ཁྲིམས་ནི་དུས་ཀྱི་དགོས་མཁོ་དང་གནས་སྟངས་ཀྱི་འགྱུར་བར་བསྟུན་དགོས་པ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་གནས་སྟངས་དང་མཐུན་པར་རྩ་ཁྲིམས་ལ་འགྱུར་བ་དང་ལེགས་བཅོས་བཏང་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཕྱོགས་དང་། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གུ་ཡངས་ཀྱི་རྣམ་པ་གསལ་པོ་བསྟན་ཡོད། གལ་སྲིད་གུ་ཡངས་ཀྱི་རྣམ་པ་དེ་དག་བོད་ཀྱི་གནས་སྟངས་ཐོག་སྦྱར་ན་‘‘བསམ་འཆར་’’ ནང་གསལ་བའི་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཆ་རྐྱེན་ཁག་ཡོངས་སུ་མཐུན་པ་ཞིག་ཡིན།
ད་དུང་ཁོང་གིས་“དབུ་མའི་ལམ་”དང་“བོད་རང་བཙན་”ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེས་དཔྱད་བརྗོད་བྱས་ཁུལ་གྱིས་དབུ་མའི་ལམ་ནི་རང་བཙན་གྱི་ལམ་ཁ་གཉིས་པ་ཡིན་པར་བཤད། དེ་ཡང་ཁོང་གིས་བརྗོད་དོན། “དབུ་མའི་ལམ་བཏོན་ནས་མི་རིང་བའི་རྗེས། ཏཱ་ལའི་བླ་མའི་སྤུན་མཆེད་བསྟན་འཛིན་ཆོས་རྒྱལ་གྱིས་ཧྥ་རན་སིའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་སྐབས། “ཐོག་མར་ང་ཚོས་རང་སྐྱོང་ཡོང་ཐབས་བྱེད་དགོས་པ་དང་། དེས་རྗེས་སུ་རྒྱ་མི་རྣམས་བོད་ནས་ཕུད་དགོས། དཔེར་ན། དབྱིན་ཇི་བ་རྣམས་རྒྱ་གར་ནས་ཕྱིར་ཕུད་པ་བཞིན། རང་སྐྱོང་ནི་རང་བཙན་གྱི་གོམ་པ་དང་པོ་རེད་”ཅེས་བརྗོད་ཡོད། ༧གོང་ས་མཆོག་གི་སྐུའི་སྤུན་མཆེད་ཀྱིས་དོན་དུ་དེ་ལྟ་བུའི་གསུངས་ལན་ཞིག་བསྐྱོན་ཡོད་པའི་དབང་དུ་བཏང་ཡང་དེ་ནི་ཁོང་རང་ཉིད་སྒེར་གྱི་སྨྲ་བརྗོད་རང་དབང་དང་དགོངས་ཚུལ་ཡིན་པ་ལས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་བཀའ་ཤག་གི་ལྟ་བ་དང་ལངས་ཕྱོགས་ཡིན་དོགས་མེད་པ་ཞིག་ཡིན་ཡང་། ཁོང་གིས་དེ་ནི་དབུ་མའི་ལམ་གྱི་གོམ་ཁ་གཉིས་པ་དེ་བོད་རང་བཙན་གྱི་ཡིན་པའི་སྒྲུབ་བྱེད་ལྟ་བུར་བཀོད་འདུག་པ་ནི་ཀྲུའུ་ལ་བཤད་རྒྱུའི་ཕོངས་ཏེ་ཉ་ཉོག་བསྲེས་པ་ཞིག་རེད།
ཁོང་གིས་རྩོམ་ཡིག་ནང་མུ་མཐུད་དུ་འཁོད་དོན། “དབུ་མའི་ལམ་”བཏོན་ནས་ལོ་༢༦ ཕྱིན་པའི་རིང་། དབུ་མའི་ལམ་གྱི་དགོངས་དོན་དང་ཁས་ལེན་བྱས་པའི་གྲུབ་འབྲས་གང་ཡང་བྱུང་མེད་པ་དང་། ཉེ་བའི་ལོ་ཤས་རིང་“རང་ལུས་མེར་སྲེག་”གི་དོན་རྐྱེན་ཐེངས་དུ་མར་བསླངས་ཏེ་། རྒྱ་ནག་སྲིད་གཞུང་ཕྱིར་ནུར་བྱེད་རྩིས་བརྒྱབ་ཀྱང་། ཁོང་ཚོའི་དམིགས་ཡུལ་འགྲུབ་མེད་པ་མ་ཟད། དེ་ལས་ཟློག་ཏེ་འཛམ་གླིང་ཡོངས་ཀྱི་མདུན་དུ་ཏཱ་ལའི་རུ་ཚོགས་ཀྱི་གདུག་རྩུབ་དང་རྫུན་རྐུབ་བརྡོལ་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་བོ་གྱུར་པའི་རང་བཙན་སྟོབས་ཤུགས་ཤོག་ཁག་གིས་གདོང་ལེན་བྱས་མ་ཐུབ་པར་གྱུར་པ་མ་ཟད། སྲིད་གཞུང་རྫུན་མ་དང་ཐ་ན་ཏཱ་ལའི་བླ་མ་ཁོང་རང་ཉིད་ལ་སྐྱོན་བརྗོད་ཀྱང་ཉིན་རེར་བཞིན་མང་དུ་སོང་སྟེ། ཏཱ་ལའི་བླ་མ་བྱ་དཀའ་བྱེད་གཏད་དུ་གྱུར་ཡོད།”ཅེས་དབུ་མའི་ལམ་ཁ་དོན་མི་མཚུངས་པ་དང་། ལྷག་པར་དུ་བོད་ནང་༢༠༠༩ ལོ་ནས་ད་ལྟའི་བར་དུ་རང་ལུས་མེར་སྲེག་ལ་བརྟེན་ནས་རྒྱ་ནག་དྲག་པོའི་གཞུང་གིས་བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པར་རྩ་མེད་གཙང་བཟོའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༡༩ ཙམ་བྱུང་བ་རྣམས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྐུལ་བྱས་པ་ཡིན་པའི་རྒྱ་གཞུང་གི་སྐྱོན་འཛུགས་རྙིང་པ་དེ་དག་བསྐྱར་ཟློས་བྱས་འདུག རྒྱ་ནག་གཞུང་ལ་ད་ལྟའི་བར་དུ་བོད་ནང་རང་སྲེག་རྒྱུད་སྐུལ་བྱས་པ་ཡིན་པའི་བདེན་དཔང་གཅིག་ཀྱང་སྟོན་རྒྱུ་མེད་ཀྱང་། བོད་བཙན་འཛུལ་བྱས་ནས་ད་ལྟའི་བར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མི་འདོད་བཞིན་དུ་བཙན་འགེལ་བྱས་ཏེ་མི་ལོ་༦༠ ལྷག་སོང་བའི་རིང་། བོད་མི་རྣམས་ཀྱིས་རྒྱ་ནག་དམར་པོའི་གཞུང་གི་དྲག་པོའི་དབང་བསྒྱུར་གྱི་སྲིད་བྱུས་ལ་མགོ་སྒུར་དང་ལེན་མ་བྱས་པར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ། རང་སྲོག་ཕངས་མེད་དུ་དོར་ཏེ་“བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་འབོད་ཚིག་བསྒྲགས་སྐབས། རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཤིང་བྱ་དཀའ་བྱེད་གཏད་དུ་གྱུར་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་ལ་མ་ཉེས་ཁག་གཡོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་གཏོང་ཐབས་ཀྱི་ཁྱབ་བསྒྲགས་མི་བདེན་རྫུན་སྒྲིག་བྱས་པ་བཞིན། ཀྲུའུ་ཡང་དམར་ཤོག་དཀྱིལ་འཁོར་ནང་གི་རྒྱུག་ཁྱི་ཞིག་ཡིན་པའི་ཆ་ནས་བདག་པོའི་སྐད་ཆ་ལད་ཟློས་བྱས་པ་ནི་ཧང་སང་དགོས་པ་ཞིག་མ་རེད།
ཁོང་གིས་རྩོམ་ཡིག་གི་མཇུག་ཏུ་“དབུ་མའི་ལམ་གྱི་གང་དུ་ཕྱོགས་ཡོད་མིན་ད་དུང་གསལ་པོ་ཆགས་མེད་དམ་”ཞེས་དྲི་ཚིག་ཅིག་བཀོད་དེ་ཤུགས་ལ་དབུ་མའི་ལམ་གྱི་ཁ་ཕྱོགས་ནི་རང་བཙན་ཡིན་པར་བསྟན་པ་དང་། དེ་ཡང་ཁོང་གིས། “ལོ་རབས་བརྒྱད་ཅུ་པའི་ནང་གི་བོད་རྒྱ་ཞི་མོལ་ཐོག་མའི་ཆར། དབུས་གཞུང་གི་དབུ་ཁྲིད་ཚོས་“དབུ་མའི་ལམ་”གྱི་རང་བཞིན་དངོས་མཐོང་སྐབས། “བོད་རང་བཙན་”ཡོང་ཐབས་མེད། “རྣམ་པ་འགྱུར་བའི་རང་བཙན་”དང་ཕྱེད་རང་བཙན་”ཡང་འགྲིག་ཐབས་མེད། ཅེས་དང་། ཁོང་གིས་“ལོ་རྒྱུས་དང་དངོས་ཡོད་གཉིས་ཀྱིས་བདེན་དཔང་བྱས་པ་ལྟར་“བོད་རང་བཙན་”གྱི་གོམ་པ་གཅིག་སྤོས་ཡིན་ནའང་འདྲ། གོམ་ཁ་གཉིས་ཅན་གྱི་“བོད་རང་བཙན་”ཡིན་ནའང་འདྲ་ཐམས་ཅད་ལ་འཆི་ལམ་མ་གཏོགས་མེད་”ཅེས་རྩོམ་ཡིག་དེའི་མཇུག་ཡོངས་སུ་བསྡུས་ཡོད་པ་དང་།རྒྱ་ནག་གཞུང་གིས་“དབུ་མའི་ལམ་”ལ་རང་འདོད་ལྟར་ཐ་སྙད་གསར་པ་མང་པོ་ཞིག་བཟོས་ཡོད་པ་དཔེར་ན་ཁོང་གིས་གོང་དུ་བརྗོད་པ་ལྟར། རྣམ་པ་འགྱུར་བའི་རང་བཙན། ཕྱེད་རང་བཙན་ཞེས་པ་ལྟ་བུ་དང་། ད་ཐེངས་ཀྲུའུ་ཡིས་ཐ་སྙད་གཅིག་གསར་གཏོད་བྱས་ཡོད་པ་ནི་“རང་བཙན་གྱི་གོམ་ཁ་གཉིས་པ”ཞེས་པ་འདི་རེད། ཀྲུའུ་ཚུད་པའི་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཚོས་“དབུ་མའི་ལམ་”ལ་ཐ་སྙད་ཅི་ལྟ་བུ་ཞིག་སྦྱར་པ་ཡིན་ནའང་། དོན་དུ་དེ་ནི་དངོས་ཡོད་གནས་སྟངས་ལ་གཡོལ་ཐབས་ཀྱི་མི་བདེན་རྫུན་སྒྲིག་གི་སྐད་ཆ་བཅོས་མ་ཞིག་ཡིན་པ་ལས། འགན་ཁུར་ཡོད་པའི་སྲིད་གཞུང་གི་དངོས་ཡོད་དཀའ་ངལ་ལ་ཁ་གཏད་གཅོག་བྱེད་ཀྱི་ཐབས་ལམ་ཞིག་གཏན་ནས་མིན་པ་མ་ཟད། འདས་པའི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་གཉིས་ཀྱི་བདེན་དཔང་བྱས་པ་ལྟར་རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ཏེ་མི་ལོ་༦༠ ཙམ་གྱི་རིང་བོད་རྒྱ་མི་རིགས་ཀྱི་གནད་དོན་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཅིང་། འདི་ལྟར་ཡ་ཡོལ་དང་འཁྱར་འཁྱོར་ངང་དུས་ཚོད་སྐྱེལ་ཐབས་བྱས་ན་བོད་རྒྱ་མི་རིགས་སུ་ལའང་ཕན་ཐོགས་མེད་པ་དང་། མང་གཙོ་དང་ཁྲིམས་ལུགས་ཀྱི་དབང་བསྒྱུར་བའི་དུས་རབས་འདིའི་རྗེས་ཆོད་དགོས་ན་མི་རིགས་འདྲ་མཉམ་དང་འཆམ་མཐུན། ཞི་བདེ། འཚེ་བ་མེད་པའི་སྒོ་ནས་འཛམ་གླིང་འདིའི་རྒྱལ་ཁབ་གཞན་དག་དང་བསྟུན་ནས་ཡོང་དགོས་པ་ལས། རྒྱ་ནག་གཅིག་པུ་ལོགས་སུ་ཁེར་རྐྱེང་ངང་བཙན་པོ་དབང་ཡོད་བྱས་ནས་ལུས་ཐབས་མེད་པ་ནི་རྒྱ་ནག་དམར་ཤོག་དཔོན་རིགས་ཚོས་ཀྱང་ཤེས་གསལ་རེད། བོད་རང་བཙན་ལ་རྒྱ་ནག་གཞུང་གིས་ཁས་ལེན་བྱས་ཐབས་མེད་པ་བདེན་པ་ཡིན་པའི་དབང་དུ་བཏང་ཡང་། དབུ་མའི་ལམ་ལ་རང་བཙན་གྱི་ཞྭ་མོ་གཡོགས་པ་ནི་རྒྱུ་མཚན་དང་གནས་ལུགས་གང་དང་ཡང་མི་འཚམས་པས། རྒྱ་ནག་གཞུང་གིས་ངེས་པར་དུ་ད་ལྟའི་གཡོན་ཐལ་སྲིད་བྱུས་ཀྱི་རྒྱ་ལས་བརྒལ་ཏེ་“དབུ་མའི་ལམ་”གྱི་ངོ་གདོང་དངོས་ལ་ལྟ་བའི་གོམ་ཁ་གཉིས་པ་ཞིག་སྤོ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་སེམས།།