བསྟན་འགྲོའི་དགེ་རྩ་སྨོན་ལམ་ཆེན་མོ།
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་པའི་ལོ་ཤས་ནས་བཟུང་མདོ་ཁམས་འདན་ཆོས་འཁོར་དགོན་དང་། གླང་ཐང་སྒྲོལ་མ་ལྷ་ཁང་གི་བདག་གཉེར་བ་ཟུང་འབྲེལ་ཐོག་བསྟན་འགྲོའི་དགེ་རྩ་སྨོན་ལམ་ཆེན་མོ་ཞེས་པའི་མཚན་བྱང་འོག
རིས་མེད་སྨོན་ལམ་ཆེན་མོ་ཞིག་འཚོགས་སྲོལ་བྱུང་ཡོད་པ་བཞིན། འདི་ལོར་ཡང་༢༠༡༣.༧.༨ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༡༢ བར་གླང་ཐང་སྒྲོལ་མ་ལྷ་ཁང་དུ་འཚོགས་ཡོད་པ་རེད།
ཉིན་དེ་དག་གི་རིང་དུ་གཙོ་བོ་མང་ཚོགས་ལ་དགེ་སྡིག་བླང་དོར་གྱིས་མཚོན་པའི་ནང་ཆོས་ངོ་སྤྲོད་དང་། བོད་རིགས་ནང་ཁུལ་ཕན་ཚུན་མཐུན་ལམ་གོང་མཐོའི་ཆེད་དུ་ཐབས་ལམ་ཇི་ལྟར་སྤེལ་དགོས་ མིན། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་བསམ་པའི་དཔལ་ཡོན། དེ་བཞིན་ན་གཞོན་དག་ལ་ཤེས་ཡོན་སློབ་གསོ་ཇི་ལྟར་སྤྲོད་དགོས་མིན། དུས་རབས་ཀྱི་ཚན་རིག་དང་མཐུན་པའི་མདུན་བསྐྱོད་ཇི་ལྟར་དགོས་མིན་སོགས་བརྗོད་གཞིར་རྣམ་གྲངས་མང་པོའི་སྒོ་ནས་ལམ་སྟོན་གནང་སྲོལ་བྱུང་ཡོད་པ་ལྟར་འདི་ལོ་ཡང་གཅིག་མཚུངས་ཡིན་འདུག
འདི་ལོར་གདན་ཞུས་མི་སྣའི་ཁྲོད་ནས་བོད་ཁམས་ཡོངས་ལ་ཆེས་སྙན་གྲགས་འབར་བཞིན་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། སྡོང་ཡོན་ཏན་རྒྱ་མཚོ། རྐ་ཐོག་འབྲུག་གྲགས་སྤྲུལ་སྐུ། ཨ་མདོ་རེབ་ཀོང་རོང་པོ་དགོན་ཆེན་གྱི་དགེ་རྒན་ཆེན་མོ་རྟོག་གྲོལ་ཡོན་ཏན་རྒྱ་མཚོ། འབུམ་ཆུང་དགོན་གྱི་མཆོག་སྤྲུལ་ནམ་མཁའ་རྒྱལ་མཚན། ཨ་ཕྱུག་ཆོས་སྒར་གྱི་དགོན་བདག་སྤྲུལ་སྐུ་ནམ་མཁའ་སྙིང་པོ། སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། བྲག་མགོ་ཁྲི་པ་བློ་གླིང་དགེ་བཤེས་སྦྱིན་པ། གཞན་ཡང་རིས་མེད་ཆོས་སྡེ་ཁག་གི་མཁན་བླ་དགེ་བཤེས་༢༠ ལྷག་ཙམ་གདན་ཞུས་གནང་ཡོད་འདུག སྨོན་ལམ་ཉིན་མཐའ་མའི་དགོང་མོར་བོད་ནང་གི་ཆུ་ཚོད་༨ པའི་ཐོག་སེར་སྐྱ་མི་མང་ཁྲི་གཉིས་ལྷག་ཙམ་གྱིས་ལག་ཏུ་མཆོད་མེ་འཁྱེར་ནས་འདུ་འཛོམས་ཀྱིས། གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཞེས་པའི་གསོལ་འདེབས་དང་། ༸གོང་ས་ཆེན་པོའི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བའི་གསང་གསུམ་མ་བཅས་མང་ཚོགས་ཀྱིས་དབྱངས་སུ་གྱེར་ནས་འུར་འདོན་གནང་རྗེས་ཚོགས་ཞུགས་རྒྱལ་ཁའི་ངང་གྲོལ་འདུག།