གྲྭ་ཚུལ་ཁྲིམས་སྐལ་བཟང་ལ་ལོ་བཅུའི་ཁྲིམས་ཆད།
ཁམས་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལ་འདི་ལོའི་ཕྱི་ཟླ་༧ པའི་ཚེས་༡༢ ཉིན་རྒྱ་ནག་གཞུང་གིས་མི་གཉིས་གསུམ་ལྷག་བསད་པའི་ཉེས་མིང་བཙན་འགེལ་བྱས་ཏེ། ལོ་བཅུའི་ཁྲིམས་ཐག་བཅད་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༢ ལོའི་ཕྱི་ཟླ་༩ ཚེས་༡ ཉིན་རྒྱ་དམག་ཁམས་ཉ་མཚོ་ཟིལ་དཀར་དགོན་དུ་འབྱོར་ཏེ་ཆབ་སྲིད་ཀྱི་གནད་དོན་ཡོད་རབས་དང་། ཡང་ན་ཕྱི་འབྲེལ་ཡོད་པའི་ཉེས་མིང་བཏགས་ཏེ་བཙན་ཁྲིད་བྱས་པའི་ཟིལ་དཀར་དགོན་པའི་གྲྭ་བློ་བཟང་སྦྱིན་པ་དང་བསོད་ནམས་ཤེས་རབ། བསོད་ནམས་དབྱིག་གཉེན། ཚུལ་ཁྲིམས་སྐལ་བཟང་བཅས་གྲྭ་བ་བཞི་བཙན་ཁྲིད་བྱས།
ཟླ་གཅིག་ལྷག་གི་རྗེས་གྲྭ་བསོད་ནམས་ཤེས་རབ་དང་བསོད་ནམས་དབྱིག་གཉེན་གཉིས་ལ་ཁྲིམས་ཐག་ལོ་གཉིས་རེ་བཅད་དེ་ཟི་ལིང་ཏའོ་པཱ་ཞེས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ཁྲིམས་ཁང་དུ་བཅུག
གྲྭ་བློ་བཟང་སྦྱིན་པ་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་འོད་སྡེར་༼ བོད་དར་ཆ་སྒྲོངས་ཤིག་གངས་བུ་ཚོ༽ ཞེས་པའི་གླུ་བ་བློ་བློས་བླངས་པ་དེར་འབྲེལ་བ་ཡོད་རབས་ཀྱིས་སླར་ཡང་ལོ་ལྔའི་ཁྲིམས་ཐག་བཅད་འདུག དེ་དང་མཉམ་དུ་གླུ་བ་བློ་བློ་ལ་ཡང་ལོ་དྲུག་གི་ཁྲིགས་ཐག་བཅད་འདུག
ཚུལ་ཁྲིམས་སྐལ་བཟང་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་། བསྐྱར་དུ་འབོད་འགུག་གཉིས་ལྷག་བྱས་རྗེས་ཟི་ལིང་དུ་ཁྲིད་དེ། ཟླ་བཞི་ལྷག་ལ་བཙན་འགོག་བྱས། ནད་ཀྱི་རྐྱེན་ཅི་རིགས་ཤིག་གི་དབང་གིས་ཕལ་ཆེར་ཟླ་༩ ལྷག་ལ་ཁྲིམས་ཐག་མ་བཅད་པར་ལྷོད་ཡང་དུ་བཞག་ཀྱང་། ད་ལོ་ཕྱི་ཟླ་༧ པའི་ཚེས་༡༢ ཉིན་གྱི་སྔ་དྲོ་ཁྲིམས་ཁང་ནས་མི་གཉིས་གསུམ་ལྷག་བསད་པའི་ཉེས་མིང་བཙན་འགེལ་བྱས་ཏེ། ལོ་བཅུའི་ཁྲིམས་ཐག་བཅད་འདུག །