བོད་མི་དང་རྒྱ་རིགས་བར་ས་དོན་གྱི་འཁྲུག་འཛིང་།

mmexport137433_1ཟླ་འདིའི་ཕྱི་ཚེས་༡༧ ཉིན་བོད་མདོ་སྨད་མཚོ་བྱང་ཁུལ་མདོ་ལ་རྫོང་ཨ་རིག་བྲག་དཀར་སྡེ་བ་དང་། རྒྱ་ནག་ཀན་སུའུ་ཞིང་ཆེན་མེན་ལི་རྫོང་ཚོ་མེན་གྲོང་བརྡལ་གཉིས་ཀྱི་དབར་དུ་ས་མཚམས་ཀྱི་རྩོད་རྙོག་བྱུང་སྟེ། བྲག་དཀར་སྡེ་པའི་སྡེ་དཔོན་གཙོས་པའི་བོད་མི་བཅུ་བདུན་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་རེད།

དེའང་ཕྱི་ཟླ་༧ ཚེས་༢༠ ཉིན་གྱི་ཕྱི་དྲོར། ངྷ་ས་ས་གནས་མདོ་སྨད་རྒྱུན་ལས་ཁང་དུ་ཨ་རིག་འགྱུར་མེད་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྟེ། གསར་འགོད་པར་གནས་ཚུལ་དེའི་བྱུང་རིམ་སྐོར་ངོ་སྤྲོད་གནང་སོང་། མདོ་ལ་རྫོང་དང་མེན་ལི་རྫོང་གཉིས་ནི་རྒྱ་བོད་འདབས་འབྲེལ་གྱི་ས་མཚམས་ལ་ཁེལ་ཡོད་ཅིང་། ལོ་བཅུ་ཕྲག་འགའི་སྔོན་ནས་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་འཁྲུག་འཛིང་ཐེངས་མང་ཤོར་མྱོང་ཡོད་ན་ཡང་། ཟླ་འདིའི་ཕྱི་ཚེས་༡༧ ཉིན་བྱུང་བའི་ཐེངས་འདིའི་གནས་ཚུལ་དེ་ནི་བོད་མི་རྣམས་ལ་ཉེས་རྡུང་ཕོག་པ་ཚབས་ཆེ་ཤོས་ལྟ་བུ་ཆགས་ཡོད་པ་རེད། ཨ་རིག་འགྱུར་མེད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐོག་མར་བོད་རིགས་ས་སྲུང་བའི་སྡོད་གར་བརྒྱབ་སར། ཚོ་མེན་གྲོང་བརྡལ་གྱི་རྒྱ་རིགས་རྣམས་ཀྱིས་ཀན་སུའུ་ཀྲང་ཡཱས་ནས་དངུལ་སྤྲད་དེ་གླས་ཡོང་བའི་རྒྱ་རིགས་བརྒྱ་ལྷག་གིས་བོད་མི་ས་སྲུང་བ་རྣམས་རུབ་རྡུང་བྱས་ཏེ། བྲག་དཀར་སྡེ་པའི་སྡེ་རབ་བརྟན་གཙོས་པའི་མི་བཅུ་བདུན་ཙམ་ལ་ཚབས་ཆེའི་རྨས་སྐྱོན་བཟོས་ཡོད་འདུག

mmexport1374335622323ཁོང་གིས་མུ་མཐུད་དུ་ངོ་སྤྲོད་བྱས་དོན། སྐབས་དེར་ས་སྲུང་ཁུལ་དུ་བོད་མི་ཁྱོན་སུམ་ཅུ་ཙམ་ཡོད་ཀྱང་བཅུ་ཙམ་རི་མགོར་བྲོས་ནས་ཐར་ཡོད་འདུག་པ་དང་། བོད་མི་བསམ་འགྲུབ་ཟེར་བ་ཞིག་དང་ཞོའོ་གྲང་ཟེར་བ་གཉིས་ཀྱི་མགོ་དང་རྐང་ལག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་ཚེ་སྲོག་གི་ཉེན་ཁ་ལ་ཐུག་ཡོད་པ་དང་། ད་ལྟ་ཀན་སུའུ་ཀྲང་ཡཱས་ཟེར་བའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག  གཞན་བོད་མི་བཅུ་བཞི་ཙམ་ལའང་མགོ་དང་རྐང་ལག་བཅག་པ་སོགས་ཚབས་ཆེའི་ཕོག་ཏེ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག

ཁོང་གིས་བོད་མི་རྣམས་ལ་རུབ་རྡུང་བྱེད་སྟངས་སྐོར་འགྲེལ་བརྗོད་བྱེད་སྐབས་བརྗོད་དོན། རྒྱ་མི་ཚོས་ལྕགས་ཁེམ་གྱི་ཡུ་བའི་སྟེང་ལ་ལྕགས་འཛེར་གྱི་སྣེ་མོ་ཚུར་འགུག་ཡོད་པའི་ལག་ཆ་དེས། བོད་མི་རྣམས་ཀྱི་བརླ་ཤ་དང་ཨོང་ཤ་སོགས་ལ་བརྒྱབ་ནས། ལྕགས་འཛེར་ཤ་གསེང་དུ་ཟུག་རྗེས་ཕྱིར་འཐེན་ནས་ཤ་གཙབ་རལ་དུ་གཏོང་བ་སོགས་ཚབས་ཆེའི་ཉེན་བརྡ་བཏང་ཡོད་པ་མ་ཟད། རྡོ་དང་དབྱུག་པ་སོགས་ལག་ཏུ་མཚོན་ཆ་གང་ཡོད་ཀྱིས་ཉེས་རྡུང་བཏང་ཡོད་འདུག

མདོ་ལ་རྫོང་ཨ་རིག་བྲག་དཀར་སྡེ་བ་དང་མེན་ལི་རྫོང་གི་ཚོ་མེན་གྲོང་བརྡལ་གཉིས་ནི་བོད་རྒྱ་གཉིས་ཀྱི་ས་མཚམས་ཁེལ་ཡོད་པ་དང་། ལོ་ལྟར་དབྱར་ཀའི་སྐབས་སུ་བོད་རིགས་དང་རྒྱ་རིགས་དབར་ས་མཚམས་རྩོད་ཀྱི་འཁྲུག་འཛིང་ལན་མང་བྱུང་ཡོད་ནའང་། རྒྱ་ནག་གི་ཞིང་ཆེན་དང་ཁུལ་རིམ་པ་སོགས་ཀྱིས་ད་ལྟའི་བར་དུ་གནས་ཚུལ་ཐག་གཅོད་ཡག་པོ་གང་ཡང་བྱས་མེད་པ་རེད།  །