མོན་གྷོ་ཌི་རུ་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ཅིག
ཕྱི་ཟླ་༧ ་ཚེས་༡༧ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་ཡོད་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱི་རུ་ཆིབས་བསྒྱུར་བསྐྱངས་པ་དང་།ཕྱི་ཚེས་༡༨ཉིན་ནས་བཟུང་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་འགོ་འཛུགས་ཀྱིས་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་བཞིན་ཡོད་པ་རེད།
ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་༧ གོང་ས་མཆོག་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་ཕེབས་ནས་བསྙེན་རྫོགས་བསྒྲུབ་བྱའི་དགེ་འདུན་རྣམས་པའི་གཙོས་དགེ་འདུན་འདས་མང་ཡོངས་ལ་བཀའ་སློབ་གནང་སྐབས། དེ་སྔ་བོད་ནས་བློ་གསལ་གླིང་གྲྭ་ཚང་འདིའི་ནང་ཧ་ཅང་གྲྭ་ཚོགས་ཆེན་པོ་དང་སློབ་གཉེར་འབེལ་པོ་ཞེ་དྲག་ཡོད་པ་རེད། གྲྭ་ཚང་འདིའི་ཁོངས་ནས་དགེ་བཤེས་མཁས་པ་དཔེ་ཆ་ཚད་ལྡན་ཅན་མང་པོ་བྱུང་མྱོང་ཡོད་པ་རེད་ལ། དགའ་ལྡན་ཁྲི་པ་ཡང་མང་པོ་ཕེབས་ཡོད་པ་རེད་ཅེས་དང་། གདན་ས་ཆེན་པོ་འབྲས་སྤུངས་དགོན་པ་འདི་ལ་མཚོན་ན། བོད་ཀྱི་ན་ལེན་ཌ་གཉིས་པ་ཟེར་ནས་འབོད་ཀྱི་ཡོད་པ་རེད། དེ་ཕར་ཆེར་དོན་ལ་གནས་པ་ཞིག་ཀྱང་རེད། རྩ་བའི་ནང་པ་མང་པོ་ཡོད་པ་རེད་དེ་རྒྱ་གར་གྱི་བརྒྱུད་པའི་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་མཁན་ནམ་བདག་པོ་རྒྱབ་མཁན་དེ་ད་ལྟ་འཛམ་གླིང་ཐོག་ང་རང་ཚོ་བོད་པ་གཅིག་པུ་ཆགས་ཡོད་པ་རེད། དབུ་མ་རྩ་བ་ཤེས་རབ་ལྟ་བུ་ཀློག་མཁན་མང་པོ་ཡོད་ཀྱང་། དངོས་གནས་དྲང་གནས་གཏན་ལ་འབེབས་བྱེད་ཀྱི་གཞུང་ཆེན་ཁག་ལ་དགག་བཞག་སྤངས་གསུམ་གྱི་སྒོ་ནས་། ཚིག་འབྲུ་རེ་རེར་བརྡར་ཤ་བཅད་ནས་བསླབ་པ་སློབ་གཉེར་སྤུས་དག་པོ་ཞིབ་ཚགས་པོ་ཡོད་མཁན་ཉུང་ཉུང་རེད། དེ་འདྲ་ཡིན་དུས་ང་ཚོའི་གདན་ས་འདི་དག་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱས་བསྡད་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད།
གདན་ས་སེར་འབྲས་དགའ་གསུམ་ཞེས་སྙན་པའི་གྲགས་པ་བོད་ཙམ་དུ་མ་ཟད། ཆེན་པོ་ཧོར་དང་རྒྱའི་ཡུལ་གྲུའི་་ནང་དུ་ཁྱབ་ཡོད་པ་རེད། དེའི་རྒྱུ་མཚན་གཙོ་བོ་གྲྭ་ཚོགས་དང་འདུ་ཁང་ཆེ་དྲག་པས་མ་རེད། འདོད་རྒུ་ཕུན་སུམ་ཚོགས་པས་ཀྱང་མ་རེད། གཞུང་ཆེན་ཁག་ལ་སློབ་གཉེར་སྤུས་དག་པོ་ཡོད་པས་རྒྱུ་མཚན་གྱིས་རེད་ཅེས་དང་།
༧གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་གནང་དོན། དཔེ་ཆ་སློབ་གཉེར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་སེམས་རྒྱུད་འདུལ་ཐབས་བྱེད་དགོས་པ་དེ་རེད། རྒྱལ་དབང་དགེ་འདུན་གྲུབ་པས། གཤགས་འགྱེད་པ་ཙམ་གྱིས་འཆད་མཉན་ཡང་།། འདྲེ་ཤར་སྒོ་ཕྱོགས་སུ་གནས་པ་ལ།། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།། ཞེས་པ་ལྟར་དོན་དག་སེམས་ལ་ཉར་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
སྐབས་འགར་ང་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་རྒྱུན་ལྡན་ལྟ་བུ་དང་མངོན་པ་མི་གསལ་བའི་ཚུལ་གྱིས་ཉམས་ཆག་འགྲོ་ཡི་ཡོད་པ་རེད། ཁང་པ་སོགས་ཞིག་ན་ལོ་ཤས་ནང་ཉམས་གསོ་བྱེད་ཐུབ་ཀྱང་འདི་དག་ཉམས་ན་སུས་ཀྱང་ཉམས་གསོ་ཐུབ་ཀྱི་ཁག་པོ་རེད། དེར་བརྟེན་མཁན་པོ་ལས་སྣེ་དང་གཙོ་ཆེར་དཔེ་ཁྲིད་རྒན་རྣམ་པས་སྔར་བཞིན་ཐུགས་ཁུར་ཆེར་བསྐྱེད་གནང་རོགས། སྐབས་འགར་ཁ་ཤས་ཕུད་དགོས་ནའང་འདྲ། ཆད་པ་རྒྱག་དགོས་ནའང་འདྲ། ལག་ལེན་བསྟར་དགོས་པ་ལས་འཛེམས་ཟོན་བྱས་ནས་བསྡད་ན་འགྲིག་གི་མ་རེད་ཅེས་སོགས་གསུངས་སོང་།
དེ་བཞིན་ཕྱི་ཚེས་༡༩་ཉིན་གྱི་ཉིན་གུང་ཆུ་ཚོད་༢་༣༠ ཕྱེད་ཀ་ཡོལ་ཙམ་ལ་མོན་གྷོ་ས་གནས་ཀྱི་གཞི་གྲོང་བཞི་བ་དྲུག་པ་བདུན་པ་བརྒྱད་པ་བཞི་བ་བཅས་ཀྱི་བགྲེས་སོང་རྒན་གོག་དང་ནད་གཅོང་ཚབས་ཆེན་རྣམས་ལ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་དུ་དམིགས་གསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ཁྱེད་རང་ཚོ་ཐོགས་མར་བྱིས་པའི་དུས་ནས་བཟུང་ན་གཞོན་དར་མ་དང་རིམ་པས་རྒན་གོག་ཞེས་འདི་ལྟར་འགྲོ་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་མི་ཚེ་རིང་པོ་བསྡད་པ་རེད། ལྷག་པར་དུ་ང་རང་ཚོ་བོད་ཆོས་ལྡན་གྱི་ཞིང་སར་སྐྱེས་པའི་མི་ཞིག་ཡིན་པའི་ཆ་ནས་ད་སྐབས་རྒན་གོག་ཆགས་ཡོད་ན་ཡང་། སོ་སོ་ལ་དགེ་སེམས་སྐྱེས་དེ་སྐྱབས་འགྲོ་དང་སེམས་བསྐྱེད་གཟུངས་སྔགས་ཡིག་དྲུག་བགྲངས་རྒྱུ་ལ་སོགས་པ་བྱེད་ཐུབ་ཀྱི་ཡོད་པ་རེད།
དེར་བརྟེན་ཉི་མ་གཅིག་ཡིན་ན་ཡང་ང་ཚོའི་མི་ཚེ་འདི་འདྲ་ཞིག་སྡོད་རྒྱུའི་བྱུང་བ་དེ་ཚེ་འདི་རིང་ལ་དགེ་བ་དང་སྡུག་པ་ཟེར་བ་ཞིག་ཤེས་བའི་ཐོགས་ནས་དགེ་བ་སྒྲུབ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ཧ་ཅང་གི་ཡག་པོ་རེད། ཁྱེད་རང་ཚོ་བསྐལ་བ་བཟང་པོ་ཅེས་དང་།
ཡང་གོང་ས་མཆོག་གིས་མུ་འཐད་དུ་གསུང་དོན། མིའི་མི་ཚེ་ཟེར་བ་དེ་ཕར་རྫོགས་འགྲོ་ཡི་ཡོད་པ་དང་སྐྱེས་བའི་མཐའ་མ་འཆི་བ་ལས་མི་འཆི་བ་ནི་གཅིག་ཀྱང་ཡོད་པ་མ་རེད། དེ་འདྲ་ཡིན་སྟབས་ང་རང་ཚོ་ཚེ་རབས་ནས་ཚེ་རབས་སྐྱེས་བ་ནས་སྐྱེས་བ་ཟེར་ནས་འགྲོ་བཞིན་ཡོད་སྟབས་སྐྱེས་བ་བཞུགས་མ་དེ་ཡང་མི་ལུས་ཐོབ་ཐུབ་པ་ཞིག་དང་། སྐྱེས་བ་དེ་ཡང་ང་ཚོ་བོད་པའི་སྤྱི་ཚོགས་ནང་སྐྱེས་ཐུབ་པ་ཞིག་ལ་ཁྱེད་རང་ཚོ་ཡིན་ན་ཡང་སྨོན་ལམ་རྒྱོབ། ངས་ངོས་ནས་ཀྱང་སྨོན་ལམ་རྒྱག་ངེས་ཡིན། དེ་ཡང་མུ་མཐུད་དུ་སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་ཞུགས་ནས་སོ་སོའི་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཡོད་ས་ཞིག་དང་། བོད་སྤྱི་ལ་ཡང་ལ་ཞབས་འདེགས་སྒྲུབ་ཐུབ་པ་དེ་འདྲའི་སྨོན་ལམ་རྒྱོབ། འདུན་པ་སྐྱེས་བ་ཡིན་ན་ཡག་པོ་ཡོང་གི་རེད་ལ། ཁྱེད་རང་ཚོ་བློ་བདེ་བོ་བྱས་ནས་སྡོད་ཅེས་སོགས་གསུངས་སུང་།
༧གོང་ས་མཆོག་གིས་རྒན་གོག་ཚོར་བདག་སྐྱོང་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང་དོན། ཁྱེད་རང་ཚོ་སྒེར་གྱི་དཀའ་ངལ་དང་སྨན་བཅོས་བྱེད་རྒྱུ་དེ་བཞིན་འཕྲོད་བསྟེན་བྱེད་ཕྱོགས་སོགས་སོ་སོ་རང་ཉིད་ཀྱིས་བྱེད་ཐུབ་ཀྱི་མ་རེད། ཁྱེད་རང་ཚོ་རྒན་གསོ་ཁང་ན་ཡོད་པའམ་རང་ཁྱིམ་དུ་བསྡད་ཡོད་པ་གང་ལྟར་ཡང་ལྟ་རྟོག་བྱེད་མཁན་ཚོས་ངེས་པར་དུ་ལྟ་རྟོག་ཡག་པོ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་ལ། གཞན་ཁྱིམ་ཚང་སོ་སོ་ནང་ཡོད་པའི་རྒན་གོག་ཚོ་ཡིན་ན་ཡང་ལྟ་རྟོག་བྱེད་མཁན་ཡོད་ན་རབ་རེད། གལ་སྲིད་མེད་ན་ས་གནས་བདེ་དོན་ལས་ཁུངས་ལ་བཤད་དགོས་པ་རེད། དེར་ཁྱེད་ཚོ་ལ་སྨན་བཅོས་དང་འཕྲོད་བསྟེན་ཟས་གོས་སོགས་ཀྱི་མཐུན་རྐྱེན་སྦྱར་དགོས་ཚེ་ང་ཚོ་སྤྱི་བའི་མི་ཡིན་སྟབས་ངེས་པར་ལྟ་རྟོག་བྱེད་དགོས་པ་རེད།་དེ་ནི་ང་ཚོའི་ལས་འགན་རེད། ཁྱེད་རང་ཚོ་སྒེར་གྱི་ངོས་ནས་ཁ་འདོན་བྱས་དེ་བློ་བདེ་བོ་བྱས་ནས་བསྡོད་ཅེས་གསུངས་སོང་།
དེ་བཞིན་ཕྱི་ཚེས་༢༠ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གིས་འབྲས་སྤུངས་བླ་སྤྱི་རུ་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་༣་གསུམ་པ་ཙམ་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་གྲྭ་ཚང་། དེ་བཞིན་ཀཾ་ཚང་བཀའ་བརྒྱུད་འབོ་དཀར་བཤད་གྲྭ་བཅས་ཀྱི་དགེ་འདུན་པ་ཁག་གཅིག་གིས་༧གོང་ས་མཆོག་ལ་གཞུང་བཀའ་པོད་ལྔའི་རྩོད་རྒྱུག་རིམ་པའི་གཟིགས་འབུལ་གནང་གྲུབ་པ་དང་ཆབ་གཅིག་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བཀའ་སློབ་གནང་དོན། ཁྱེད་རང་ཚོའི་ད་ལྟའི་བར་དུ་ཧུར་ཐག་བྱས་ནས་དཀའ་ལས་བསྐྱོན་ཡོད་པ་ལ་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་པ་རེད། མ་འོངས་པར་ཡང་སློབ་གཉེར་ཐོག་ཧུར་ཐག་གནང་རོགས། དེ་རིང་རྣམས་པ་ཚོའི་རྩོད་རྒྱུག་ཕུལ་བ་ཧ་ཅང་དགའ་བོ་བྱུང་། ལྷག་པར་དུ་བཀའ་བརྒྱུད་དགོན་པའི་ངོས་ནས་དགེ་འདུན་པ་ཚོའི་རྩོད་རྒྱུག་ཕུལ་བ་དེ་བས་དགའ་བོ་བྱུང་། ང་རང་ཚོ་ཆོས་བརྒྱུད་ཚང་མའི་འཆད་ཉན་བྱེད་ཕྱོགས་དེ་བདག་ཅག་གི་སྟོན་པ་ནས་ཀླུ་གྲུབ་ཡབ་སྲས་ནས་བརྒྱུད་པའི་གཞུང་ལ་སློབ་གཉེར་བྱེད་ཀྱི་ཡོད་པ་གཅིག་མཚུངས་རེད་ལ། ང་རང་ཚོ་ཆོས་བརྒྱུད་ཚང་མ་སེམས་ཐག་ཉེ་བོ་བྱས་ནས་སྡོད་དགོས་པ་གལ་ཆེན་པོ་རེད་ཅེས་དང་།
༧གོང་ས་མཆོག་གིས་མུ་མཐུད་ནས་དཔེ་ཁྲིད་གནང་ཕྱོགས་སྐོར་ལ་བཀའ་སློབ་གནང་དོན། གཙོ་བོ་དཔེ་ཁྲིད་རྒན་ཚོ་འདིར་ཕེབས་ཡོད་པ་རེད། ཁོང་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་ངས་ནམས་ཡང་བརྗེད་ཀྱི་མེད། རྣམས་པ་ཚོའི་དཔེ་ཁྲིད་གནང་ཕྱོགས་དེ་ཡང་རིག་པའི་འགྲོ་སྟངས་ཙམ་མ་ཡིན་པར་ཚིགས་དོན་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཕྱོགས་སྐོར་ལ་བཀའ་ཁྲིད་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
མོན་གྷོ་གསར་འགོད་པས།