༧གོང་ས་མཆོག་གིས་སྒྲོལ་དཀར་ཡིད་བཞིན་གྱི་ཚེ་དབང་གནང་བ།

gaden_jangtse_2013_7_21ཕྱི་ཟླ་༧ ཚེས་༢༡ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་མོན་གྷོ་ས་གནས་ཀྱི་དཔལ་ས་སྐྱ་གྲྭ་ཚང་ནས་དགའ་ལྡན་བྱང་བརྩེ་གྲྭ་ཚང་གི་འདུ་ཁང་ནང་དུ་ཆིབས་བསྒྱུར་གནང་ནས། དད་ལྡན་སེར་སྐྱ་མི་མང་ཆིག་ཁྲི་ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ཀའི་སྒོ་ནས་ཚེ་དབང་གནང་ཡོད་པ་རེད།

དེ་ཡང་ཚེ་དབང་དངོས་གཞི་འགོ་མ་བཙུགས་པའི་སྔོན་དུ་༧གོང་ས་མཆོག་གིས་དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་ གནང་དོན།  “ངས་ངོས་ནས་མང་ཚོགས་ལ་ཆོས་འབྲེལ་ག་དུས་གནང་བ་ཡིན་ན་ཡང་། སྔོན་ལ་མང་ཚོགས་ལ་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་སྐོར་ལ་ངོ་སྤྲོད་བྱེད་བཞིན་ཡོད་ལ།   དེ་རིང་ཡང་དེ་བཞིན་ འདིར་ཆ་བཞག་ན་ཡང་བོད་པའི་གཞིས་ཆགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད་ལ། མང་ཚོགས་མང་པོ་ཡོད་པའི་སྟེང་ལ་སློབ་ཕྲུག་ཡང་མང་པོ་ཞིག་འདིར་ཡོང་ཡོད་པ་རེད་”ཅེས་དང་། ༧གོང་ས་མཆོག་གིས་སློབ་ཕྲུག་ག་ཚོད་ཡོད་མེད་དང་ལོ་ལོན་རྒན་རྒོན་ལོ་ན་བདུན་བཅུ་ནས་བརྒྱད་བཅུ་ཅན་ག་ཚོད་ཡོེད་མེད། ད་དུང་གཞིས་ཆགས་འདི་ཐོག་མར་བཙུག་མཁན་གྱི་གྲས་ནས་ད་ལྟ་འདིར་ག་ཚོད་ཡོད་མེད་བཅས་མི་མང་ལ་རེ་རེ་བཞིན་བཀའ་འདྲི་གནང་ཡོད་པ་རེད།

gaden_jangtse1_2013_7_21༧གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་གནང་དོན།   ང་རང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་༥༤ འགྲོ་བཞིན་ཡོད་པ་རེད།  སྔོན་མ་བཙན་བྱོལ་དུ་ཐོག་མར་སླེབས་མ་ཐག་པའི་ཕོ་གསར་མོ་གསར་ལོ་གཞོན་དེ་ཚོ་ད་ལྟ་ལོ་ལོན་རྒན་རྒོན་ཆགས་ནས། བྱིས་པའི་བྱིས་པ་རྣམས་ཀྱང་འཚར་ལོངས་བྱུང་བསྡད་ཡོད་པ་འདི་རེད།    མི་སྒེར་བ་ཞིག་གིས་མི་ཚེའི་ཆ་ནས་བཤད་པ་ཡིན་ན་ལོ་ལྔ་བཅུ་ང་བཞི་ཟེར་ན་གང་ལ་གང་མཚམས་སླེབས་བསྡད་ཡོད་པ་རེད།   ཡིན་ན་ཡང་མི་རིགས་ཞིག་གིས་བདེན་དོན་འཐབ་རྩོད་བྱེད་རྒྱུ་ཡོད་པའི་ཆ་ནས་བཤད་པ་ཡིན་ན། ལོ་ལྔ་བཅུ་ང་གྲངས་ཟེར་བ་དེ་ཐུང་ཐུང་རེད།   གང་ལྟར་གཙོ་ཆེ་ཤོས་དེའི་རིང་ལ་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་ལྷག་བསམ་གཡོ་བ་མེད་པར་བསྡད་ཡོད་པ་དེ་ཚང་མའི་མཐོང་བསྡད་ཡོད་པ་ཞིག་རེད་ལ་འཛམ་གླིང་ཡོངས་ལ་ཡང་ཀུན་གསལ་ཆགས་ཡོད་པ་རེད།   ལྷག་པར་དུ་རྒྱ་རིགས་ཤེས་ཡོན་ཅན་བློ་གཟི་བོར་གནས་པ་ཚོའི་ཀྱང་མཐོང་བསྡད་ཡོད་པ་ཞིག་རེད།  དེ་བཞིན་ང་རང་ཚོ་བཙན་བྱོལ་བ་གནས་སྡོད་བྱེད་ཡུལ་རྒྱ་བལ་འབྲུག་གསུམ་དང་ཨ་རི། ཡོ་རོབ་སོགས་ཀྱི་མཚོན་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚང་མའི་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་དང་ལ་རྒྱ་ཞེན་ཁོག་སེམས་ལ་ཉར་ཚགས་བྱས་ནས་ད་ལྟ་བར་བསྡད་ཡོད་པ་རེད།   ཡིན་ན་ཡང་བོད་རིགས་གཞོན་སྐྱེས་རྣམས་ཀྱི་རང་མི་རིགས་ཀྱིས་སྐད་དང་ཡི་གེ་གཙོ་བོ་བྱས་པའི་བོད་རང་གི་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད།   རང་གི་ཤ་ཁྲག་རུས་གསུམ་བོད་པ་ཡིན་པ་ཙམ་གྱི་མི་ཆོག་པས་བོད་རང་གི་ཡ་རབས་བཟང་སྤྱོད་གཞིར་བཟུང་གི་ཐོག་བོད་ཀྱི་སྐད་ཡིག་སོགས་གཙོ་བོ་སློབ་སྦྱོང་བྱེད་དགོས་པ་རེད།  གལ་སྲིད་དེ་ལྟར་སློབ་སྦྱོང་བྱེད་ཐུབ་མེད་ན་དེང་དུས་ཀྱི་ཤེས་རིག་ཅི་ཙམ་ཡོད་ཀྱང་བོད་པ་ཕྱེད་ཀ་མ་གཏོགས་མི་ཆགས་པ་རེད་”ཅེས་གསུངས་ཡོད་པ་རེད།

gaden_jangtse2_2013_7_21ཡང་༧གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་དེ་མཁན་ཆེན་ཞི་བ་འཚོ་ནས་རིམ་བརྒྱུད་ནས་དཔལ་ན་ལེན་ཌའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད།  དེ་ཚོ་སློབ་དཔོན་གུ་རུ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་ཅེས་སོགས་གསུངས་སོང་།   དེ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་གང་བློ་ཐུགས་རྗེ་ཆེན་པོའི་མཚན་སྔགས་དེ་བཞིན་རྟ་མགྲིན་མཚན་སྔགས་སོགས་ཀྱི་ལྗགས་ལུང་མི་མང་ལ་གནང་བ་བཅས་ཀྱི་ལས་རིམ་གྲུབ་ཡོད་པ་དང་། ཉིན་འདིའི་ཕྱི་དྲོ་མུ་མཐུད་ནས་དགའ་ལྡན་ཤར་བྱང་གཉིས་ཀྱི་བསྙེན་རྫོགས་སྒྲུབ་བྱ་དགེ་འདུན་པ་རྣམས་ལ་༧གོང་ས་མཆོག་གིས་བསྙེན་རྫོགས་ཀྱི་སྡོམས་པ་མུ་མཐུད་ནས་གནང་བཞིན་ཡོད་པ་རེད།

ཕྱི་ཟླ་༧ ཚེས་༢༢ ཉིན་༧གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བསྙེན་རྫོགས་བསྒྲུབ་བྱའི་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་ཡོད་པ་དང་།  སྐབས་དེར་ཁོང་གིས་བཀའ་སློབ་གནང་དོན།  “ཁ་སང་ངས་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ལ་ཡང་བཤད་ཡོད་གདན་ས་གྲྭ་ཚང་ཁག་གིས་ད་བར་ཁུར་མཉམ་རུབ་བྱས་ཏེ་ཆེན་པོ་ཧོར་དང་རྒྱ་ཡི་ཡུལ་གྲུ་ཁག་དང་འཛམ་གླིང་ནང་ལ་དར་ཁྱབ་ཆེན་པོ་བྱུང་བ་དེ་གདན་ས་གྲྭ་ཚང་ཁག་གི་གཞུང་ཆེན་ཁག་ལ་སློབ་གཉེར་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་རེད་མ་གཏོགས།  གཞན་ཆོ་ག་འདོན་ཆོག་བྱས་པ་ཙམ་གྱིས་སངས་རྒྱས་བསྟན་པ་དེ་ཙམ་དར་ཁྱབ་ཡོང་རྒྱུ་མ་རེད། དེར་བརྟེན། མུ་མཐུད་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཁུར་མཉམ་བསྐྱེད་ཀྱི་ཧུར་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད་”ཅེས་དང་།

gaden_jangtse3_2013_7_21“སྟོན་པ་མཉམ་མེད་ཤཀྱཱ་སེང་གེའི་རྗེས་སུ་འབྲང་བའི་ས་དགེ་བཀའ་རྙིང་རིས་སུ་མ་འཆིས་པ་སྟོན་པ་བཅོམ་ལྡན་འདས་ལ་དད་པ་དམ་ཚིག་གཅིག་མཚུངས་ཡིན་པས། འཆམ་མཐུན་གྱི་སྒོ་ནས་ཆོས་བརྒྱུད་ཚང་མའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་ནས་སྙིང་དོན་གཙོ་བོ་ཁག་ཁོག་ཏུ་ཆུད་ཐུབ་པ་ཞིག་བཟོ་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་རེད། ཁ་སང་རྣམ་གྲོལ་གླིང་གི་མཁན་པོ་ལ་ཡང་ཞུས་ཡོད། དེ་བཞིན་ས་སྐྱ་མཁན་པོ་ལ་ཡང་བཀའ་མོལ་བྱུང་སོང་། དེ་སྔར་འཇང་དགུན་ཆོས་ལ་ས་དགེ་བཀའ་རྙིང་ཆ་ཚང་མཉམ་ཞུགས་བྱས་ཏེ་གཞུང་ཆེན་ཁག་ལ་བགྲོ་གླེང་བྱས་ཡོད་པ་རེད།  མ་འོངས་པ་ཡང་དེ་ལྟར་གནང་ཐུབ་ན་དགེ་མཚན་ཆེན་པོ་རེད།   ང་ཚོས་དེ་སྔའི་ལོ་རྒྱུས་ལ་བལྟས་ཏེ་གྲུབ་མཐའི་ཕྱོགས་རིས་བྱས་བསྡད་པ་ཡིན་ན་མ་འགྲིག་པ་རེད། སྟོན་པ་གཅིག་གི་རྗེས་འབྲང་ཡིན་པ་གཅིག་མཚུངས་ཡིན་བྱིན་ཕྱི་ནང་གི་དབྱེ་བ་ཤུགས་ཆེན་པོ་ཕྱེས་བསྡད་ན་རྩ་བ་ནས་ཡག་པོ་ཡོད་པ་མ་རེད།   སོང་ཙང་འཆམ་མཐུན་ཐོག་ནས་སློབ་གཉེར་ཡག་པོ་གནང་རོགས་”ཞེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།