བོད་མི་མང་པོ་ཞིག་གང་བྱུང་གིས་འཛིན་བཟུང་བྱས་འདུག
ཉེ་ཆར་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དཀོན་མཆོག་བསོད་ནམས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས། རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་ཁུལ་དེའི་སེར་སྐྱ་མང་པོ་ཞིག་གང་བྱུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཟི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དཀོན་མཆོག་བསོད་ནམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས། རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་སྔ་རྗེས་སུ་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དང་། སོག་ཚང་ཡུལ་ཚོའི་ཡུལ་མི་རྣམས་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་བར་སྔ་ཕྱིར་བསྡོམས་པས་ཉུང་མཐར་ཡང་བོད་མི་༦ འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་དཀོན་མཆོག་བསོད་ནམས་ཀྱིས་རང་ལུས་མེ་སྲེག་བཏང་བའི་ཉིན་ཏེ་ཕྱི་ཚེས་༢༠ ཉིན་གྱི་མཚན་མོར་དགེ་འདུན་པ་བསྟན་འཛིན་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་དང་། ཕྱི་ཚེས་༢༡ ཉིན་གྱི་མཚན་མོའི་དུས་ཚོད་༡༠ པ་ཙམ་ལ་སོག་ཚང་དགོན་པའི་དགེ་འདུན་པ་དཔལ་ལྡན་རྒྱ་མཚོ་གློ་བུར་དུ་འཛིན་བཟུང་བཙན་ཁྲིད། ཕྱི་ཚེས་༢༣ ཉིན་གྱི་ཞོགས་པར་གོང་སངས་རྒྱས་དཔལ་ལྡན་བཙན་ཁྲིད་བྱས་ཡོད་འདུག་ལ། དེ་བཞིན་གྲྭ་དཀོན་མཆོག་བསོད་ནམས་ཀྱི་དགེ་རྒན་དང་། ཨ་མ། སྤུན་མཆེད་སོགས་ཕྱི་ཚེས་༢༡ གི་དགོང་དྲོར་འཛིན་བཟུང་གིས། འདྲི་རྩད་ནན་མོ་བྱས་རྗེས་ཕྱི་ཚེས་༢༢ ཉིན་གྱི་ཞོགས་པར་གློད་འདུག་པ་སོགས། ཉིན་ཤས་ནང་ཐང་སྐོར་དགོན་གྲོང་གཉིས་ཀྱི་སྐྱ་སེར་བོད་མི་ཉུང་མཐར་ཡང་༡༤ ཙམ་གཞུང་གིས་འཛིན་བཟུང་བྱས་ཏེ་དུས་ཡུན་འདྲ་མིན་ལ་བཀག་ཉར་དང་། འདྲི་རྩད་སོགས་བྱས་ཡོད་པའི་ཁོངས་ནས་བོད་མི་༦ ཙམ་ད་ལྟའི་ཆར་གར་ཁྲིད་མ་ཤེས་པར་ལྷག་ཡོད་འདུག