ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་དགོས།

ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།

དེ་རིང་འཛིན་གྲྭ་གྲོལ་ནས་ནང་ལ་ལོག་པ་དང་། ནམ་ཀུན་ལྟར་བང་ཆེན་དྲ་བར་གསར་གྱུར་ག་རེ་ཡོད་མེད་བལྟས་པ་ན ། བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དཀོན་མཆོག་བསོད་ནམས་ཞུ་བ་ཞིག་གིས། རང་ཉིད་ཀྱི་མི་རིགས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཆེད།

ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲང་བདེན་མིན་པའི་སྲིད་ཇུས་དང་། མི་སྤྱོད་ལས་འདས་པའི་གཉའ་གནོན་བཤུ་གཞོག་སོགས་བྱས་དང་བྱེད་མུས་སུ་མཆིས་པའི་གནས་སྟངས་དེ་ཚོར་ངོ་རྒོལ་ཏུ། རང་ཉིད་ཀྱི་ལང་ཚོ་དར་ལ་བབ་ཞིང་རིན་ཆེན་སེར་ལས་གཅེས་པར་འོས་པའི་མི་ལུས་དེ་ཉིད་ཕངས་མེད་ཀྱིས་མཆོད་མེར་བསྒྲོན་པའི་གནས་ཚུལ་དེ་དག་མཐོང་དུས། ངའི་མིག་ཟུང་ཡང་གློ་བུར་ཏུ་འཆི་མ་འཁྱིལ་ཞིང་རབ་རིབ་ཏུ་གྱུར། གལ་སྲིད་ངས་དྲན་པ་ནོར་མེད་ན།  ཁོང་ནི་ད་བར་བདག་ཅག་བོད་རིགས་ཀྱི་བདེ་སྐྱིད་དོན་དུ་བོད་ནང་ནས་རང་ལུས་མེ་མཆོད་ཕུལ་མཁན་༡༢༠ པ་དེ་ཡིན་པ་ཡོད།

 

ཕྱི་ལོ་༢༠༠༩ ལོར་རྒྱལ་ཞེན་དཔའ་བོ་སྐུ་ཞབས་བཀྲ་བྷེ་ལགས་ཀྱིས་རང་ལུས་མཆོད་མེར་བསྒྲོན་པ་ནས། བོད་ཕྱི་ནང་གཉིས་ལ་ད་བར་ང་ཚོས་ནམ་ཡང་བརྗེད་ཐབས་བྲལ་ཞིང་། གངས་ཅན་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཏུ་གསུབ་ཏུ་མེད་པའི་རྒྱལ་ཞེན་དཔའ་བོ་དཔའ་མོ་༡༢༠ ལྷག་གིས་རང་ལུས་མཆོད་མེར་ཕུལ་ཡོད་པ་དང་། དེ་ནི་གདོང་དམར་བོད་རིགས་སྤུན་ཟླ་རྣམ་པས་རྒྱ་ནག་གིས་གཉའ་གནོན་དང་བཤུ་གཞོག་ལ་བཟོད་མེད་ཀྱི་ངོ་རྒོལ་གྱི་རྣམ་པ་ཞིག་ངང་གིས་སྟོན་གྱི་ཡོད་པ་མ་ཟད། ཆོལ་གསུམ་ས་ཁུལ་འདྲ་མིན་ནས་མ་གྲོས་གཅིག་མཐུན་དང་མ་སྐུལ་དང་ལངས་ཀྱིས་བྱུང་བའི་གནད་དོན་འདིས།  བདག་ཅག་བོད་རིགས་སྤུན་ཟླ་རྣམས་ལ་ཆོལ་གསུམ་ཆིག་སྒྲིལ་དང་དཀའ་སྡུག་མཉམ་ཁུར་དགོས་པར་དཔེ་སྟོན་དང་བཀའ་སློབ་ལམ་སྟོན་ཞིག་ཀྱང་ལོས་ཡིན་སྙམ།

འོན་ཀྱང་། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདིར་མངོན་གསལ་ཡོད་མེད་ལ་མ་ལྟོས་པར་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་གཟབ་ཅིང་། དེའི་ནང་ཡང་ལུང་ཚན་གྱི་འཐེན་འཁྱེར་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པར་ཚང་མས་མཁྱེན་གསལ་རེད། ལུང་ཚན་དང་ཕྱོགས་ཁར་གྱལ་ཏེ་བློ་ཡུལ་ཏུ་མི་ཤོང་བའི་ཁོར་ཡུག་རེ་བསྐྲུན་དང་སྐྲུན་མུས་སུ་གནས་པ་དང་། དེ་ལས་རྫབ་ཆེ་བ་ཞིག་ནི། དེང་སང་རང་མིང་དང་རང་གཟུགས་ཕྱིར་མངོན་བྱེད་པའི་སྤོབས་པ་མེད་ཅིང་། ནམ་ཀུན་བོད་མིའི་སྤྱི་ཚོགས་ཁྲོད་དུ་དཀྲུག་ཤིང་རྒྱག་གང་ཐུབ་ཀྱིས་རང་ཅག་ཁ་བའི་ལྗོངས་བཀའ་དྲིན་བླ་ན་མེད་ཅིང་འཛམ་གླིང་སྐྱེ་བོ་ཀུན་གྱིས་གཙུག་ཏུ་བཀུར་བའི་མགོན་སྐྱབས་དམ་པ་༧གོང་ས་མཆོག་དང་། བཙན་བྱོལ་བོད་ཀྱི་བདེ་སྡུག་ཁོ་ནའི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ། རང་ཉིད་ཀྱི་ཁེ་ཕན་དོར་ཞིང་བློས་གཏོང་ཆེན་པོས་ནང་མི་བུ་རྒྱུད་སོགས་བརྒྱང་རིང་དུ་བསྐྱུར་ནས་བོད་ཀྱི་མ་འོངས་བདེ་སྐྱིད་དོན་དུ་ཉིན་མཚན་མེད་པར་སྐུ་ངལ་བསྐྱོན་དང་བསྐྱོན་མུས་སུ་གནས་པའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གཙོས་པའི་བོད་རིགས་ལ་གདུང་ཞིང་བོད་མི་ལ་གཅེས་བའི་སྐྱེས་ཆེན་རྣམས་ལ་འཛེམས་ཟོན་མེད་པར་སྐུར་བ་འདེབས་པ་དང་ཁུངས་མེད་བསྙོན་འཛུགས་སོགས་བྱས་དང་བྱེད་མུས་སུ་གནས།

ཉེ་བའི་ཆར་བཙན་བྱོལ་སྤྱི་ཚོགས་སུ་སྐད་འཕྲིན་བརྒྱུད། གཞིས་སྡོད་བོད་རིགས་ཡོངས་ཀྱི་རྨོངས་པའི་བག་ཆགས་སེལ་མཁན་དང་ཤེས་རབ་ཀྱི་སྡེ་མིག་ཇི་བཞིན་བཞུགས་པའི་མཁས་དབང་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་སོགས་རིས་མེད་སྐྱེས་ཆེན་རྣམས་ལ་སྐུར་བ་འདེབས་པ་དང་བསྙོན་འཛུགས་བྱེད་པ་སོགས་བཟང་སྤྱོད་དང་ཡོངས་སུ་འགལ་བའི་བྱ་བ་རྩོམ་གྱི་ཡོད་པ། གང་ལྟར་བོད་རིགས་ཡོངས་ལ་ལྷག་བསམ་རྣམ་དག་གི་ཐུགས་བསམ་བཞེས་མཁན་དང་ཕྱག་ལས་གནང་མཁན་ཚོར་གང་ཡོང་གིས་མཚན་སྨོད་དང་བསྙོན་འཛུགས། འཁང་ར་དང་འཁོན་འཛིན་བྱེད་པ་ནི། ཕྱོགས་གཅིག་ནས་རང་རིགས་བོད་མི་དེ་ཚོའི་བཟང་སྤྱོད་ལ་དྲི་མས་བགོས་ཞིང་། དྲིན་ལན་ལོག་འཇལ་སོགས་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་གཉེར་པའི་མི་གཤིས་གསར་པ་ཞིག་ཡིན་པ་དང་། རང་རིགས་མེས་པོ་རྣམས་ཀྱི་གདམས་ངག་དག་ལ་འགལ་ཞིང་ངོ་གནོངས་དགོས་པ་ཞིག་ཡིན་ལ། ཡང་ཕྱོགས་གཞན་ཞིག་ནི་རྒྱ་ནག་གི་དགོས་མཁོ་དང་ཁོང་ཚོའི་བསམ་ཐོག་ཏུ་རྒྱུགས་པའི་བྱ་བ་ཞིག་ཀྱང་ཡིན་པར་སོམ་ཉི་ག་ལ་ཡོད།

ཉེ་བའི་ཆར་ངས་ཤམ་པ་ལའི་དྭ་རྒྱ་དང་སྐད་འཕྲིན་སོགས་སུ་རང་གི་དངོས་མིང་དང་ངོ་བོ་སོགས་གང་ཡང་མངོན་པའི་སྤོབས་པ་མེད་ཅིང་། བརྗོད་བྱ་དང་རྗོད་བྱེད་སོགས་གང་གི་ཆ་ནས་ཀྱང་བྱབ་ཆུང་གི་རང་གཟུགས་ཁྲ་ལྷམ་མེར་མངོན་པའི་དྲྭ་འབུ་ཞིག་གིས།  ད་དེང་ཡོངས་སུ་བཀུར་འོས་ཀྱི་སྐྱེ་བུ་དམ་པ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་ལ་སྐུར་འདེབས་དང་། ཁུངས་མེད་ངན་གཡོག་བྱེད་པའི་རྩོམ་ཡིག་ཅིག་མཐོང་སོང་ལ། རྩོམ་ཡིག་དེ་བཀླགས་པའི་རྗེས། ངས་རྩོམ་ཡིག་འབྲི་མཁན་དེའི་བསམ་མེད་ཀླད་རུས་ཀྱི་སྐད་ཆ་དང་། རྒྱུས་མེད་རྒྱུས་ཡོད་བརྫུས་པའི་གཤིས་ངན། སྐྱབས་གནས་དགེ་འདུན་འདུས་པའི་གྲྭ་ཚང་དང་ཁང་ཚན་སོགས་སུ་རྟོགས་བཟོ་ལྟར་སྣང་བའི་དཀྲོག་གཏམ། ད་དུང་རྒྱུ་འབྲས་ཀྱི་རྣམ་བཞག་རྟ་རྔ་ཙམ་ཡང་མེད་པའི་གཤིས་ལུགས་སོགས་མཐོང་ཡོང་དུས། དངོས་གནས་སྙིང་རྗེ་ཡང་སྐྱེས་ལ།  ཁོང་ཁྲོ་ཡང་ལངས་ཀྱི་འདུག  སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་ནི་རང་གཤིས་དུལ་ཞིང་རྫིག་ཉམས་མེད་པའི་བླ་མ་ཚུལ་ལྡན་ཞིག་ཡིན་པ་དང་། ཁོང་གིས་ད་བར་༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་ཆོས་སྲིད་གཉིས་ཀྱི་དོན་དུ་འཛམ་གླིང་ས་ཕྱོགས་ཀུན་ལ་༧གོང་ས་མཆོག་གི་དགོངས་དོན་སྤེལ་པར་ཕེབས་པ་མ་ཟད། ལི་ཐང་སེར་སྐྱ་ཀུན་ལ་དོལ་རྒྱལ་བསྟེན་སྲོལ་མི་བྱེདཔར་དམ་འབུལ་ཞུ་རུ་བཅུག་པ། ༧གོང་ས་མཆོག་གི་བཀའ་དགོངས་འོག་འགྱུར་མེད་བྲག་ལྟར་ཤར་བསྐྱོད་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པར། ད་ཐེངས་ལི་ཐང་ནང་མི་ངན་རེ་གཉིས་ལས་གཞན་ཚང་མ་༧གོང་ས་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་རྡོག་རྩ་གཅིག་ཏུ་སྒྲིལ་པ་བྱུང་ཡོད་པ་ནི། ཁོང་དང་ཁོང་འདྲ་བའི་ལི་ཐང་བླ་ཆེན་སྐྱེ་ཆེན་ཁ་ཤས་ཀྱི་བཀའ་དྲིན་ཉག་གཅིག་རེད། ད་དུང་ཁོང་གིས་བཙན་བྱོལ་ཏུ་ཡོང་བའི་སློབ་ཕྲུག་རྣམས་ལ་ཆོལ་ཁ་རིས་མེད་ཐོག་ཁོང་ཚོ་གུང་གསེང་ཡོང་བར་སྟབས་བསྟུན་གྱིས་བོད་ཀྱི་ཐུན་མིན་ནང་དོན་རིག་པའི་རྨང་གཞི་སོགས་ངོ་སྤྲོད་གཙོས་སློབ་མ་རྣམས་རང་རང་གི་འཛིན་གྲྭའི་གནས་རིམ་དང་བསྟུན། དམིགས་བསལ་ཆེད་ལས་དགེ་རྒན་གླས་ཏེ་སློབ་ཁྲིད་ཀྱི་ཁོར་ཡུག་བསྐྲུན་པ་དང་། གུང་གསེང་རིང་སློབ་མ་རྣམས་ཀྱི་འཚོ་སྡོད་དང་། འགྲོ་གྲོན་སོགས་ཚང་མར་མཐུན་རྐྱེན་སྦྱོར་སྲོལ་སྤེལ་པ་དེས་སློབ་ཕྲུག་ཚོའི་སྤུན་མཆེད་གྲྭ་བཙུན་ཚོའི་འགན་ཁུར་ཡང་དུ་བཏང་བ་མ་ཟད།  སློབ་མ་རྣམས་ཀྱི་གུང་གསེང་དེའང་དོན་སྙིང་ལྡན་པར་གྱུར། ཁོང་གི་ཟོལ་མེད་ཀྱི་ལྷག་བསམ་དང་སྙིང་སྟོབས། མདོ་བསྔགས་གཞུང་ལུགས་སོགས་ལ་མཁས་ཞིང་སློབ་ཁྲིད་ལ་རྒྱུས་མངའ་ཆེ་པ་དང་རླབས་ཆེན་གྱི་བྱ་བཞག  ད་དུང་གཉོམ་ཆུང་ཚུལ་མཐུན་གྱི་སྤྱོད་པ་སོགས་ཀྱི་དབང་གིས།   ཐེངས་མང་རིང་ཝེ་ནམ་དང་ཧོང་ཀོང་སོགས་ཡུལ་ལུང་མང་པོར་༧རྒྱལ་བའི་སྐུ་འཚབ་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པར་ཕེབས་པ་རེད།

ཁོང་གིས་བཙན་བྱོལ་སྤྱི་ཚོགས་ནང་རང་ནུས་གང་ལྕོགས་ཀྱིས་དགེ་ཕན་བསྒྲུབ་པ་མ་ཟད། ད་དུང་བོད་ནང་དུ་ལི་ཐང་དང་རྫ་ཆུ་ཁ་གཙོས་མདོ་སྟོད་སྨད་ཀྱི་ཡུལ་ལུང་མང་པོར་ཕན་པར་བསྒྲུབ་ཀྱི་ཡོད་པ་དང་། བོད་ནང་རྒྱུན་སྲོལ་ཏུ་གནས་པའི་འཇང་དགུན་ཆོས་འཚོགས་སྲོལ་ཡོད་པ་དེའང་། ཆོས་ལུགས་རིས་མེད་ཀྱི་ཆ་ཤས་ལེན་པ་དང་དར་སྤེལ་གཏོང་ཆེད། དེ་ཉིད་གོ་སྒྲིག་བྱེད་མཁན་ཚུལ་ལྡན་དགོན་སྡེ་ཁག་ལ་ཞལ་འདེབས་དང་རོགས་སྐྱོར་གནང་བ་དང་། དེ་མ་ཚད་ལི་ཐང་དང་ཉག་རོང་གཙོས་ས་གནས་མང་པོར་སློབ་གྲྭ་དང་སྨན་ཁང་སོགས་བརྒྱབ་ཏེ། གཙོ་བོར་འབྲོག་སྡེ་དང་དབུལ་ཕོངས་ས་གནས་དེ་ཚོའི་ཕྲུ་གུ་ཚོ་དེང་རབས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱེད་རྒྱུ་དང་། མི་དམངས་ཀྱི་འཕྲོད་བསྟེན་གོང་མཐོར་འདེགས་པར་དམིགས་པས་ན། འབྲོག་སྡེ་ཁག་ཏུ་ལོ་རྒྱུས་ནང་སློབ་གྲྭར་འགྲིམས་སྲོལ་མེད་པ་དང་། སློབ་གྲྭར་འགྲོ་བའི་མཐུན་རྐྱེན་བྱུང་མྱོང་མེད་པའི་གནས་སྟངས་དེ་ཡོངས་སུ་གཏོར་ནས། འབྲོག་ཕྲུག་ཚོའང་ཕྲུ་གུ་གཞན་པ་ནང་བཞིན་གུ་ཡངས་གི་འཛིན་ཁང་དང་ཡར་ཐོན་གྱི་ཤེས་ཡོན་མཐུན་རྐྱེན་སོགས་ལ་རོལ་པའི་གོ་སྐབས་བསྐྲུན་རྒྱུ་བྱུང་ཡོད། རིན་མེད་ཀྱི་སྨན་ཁང་སོགས་ཀྱིས་ཀྱང་ཡུལ་མི་རྣམས་ཀྱི་འཕྲོད་བསྟེན་དང་། འཚོ་བ་སོགས་ལ་མཁོ་ངེས་ཅན་གྱི་ཁོར་ཡུག་འཐུས་ཚང་ཞིག་བསྐྲུན་རྒྱུ་བྱུང་ལགས་ན། ཁོང་ནི་ལི་ཐང་ཙམ་མིན་པར་ཡུལ་ལུང་མང་པོར་མི་མང་སེམས་ཁོང་གི་དྲིན་ཆེན་ཞིག་དང་སྐྱབས་གནས་ཤིག་ཏུ་གྱུར་ཡོད་པ་རེད། ད་ཐེངས་ཁོང་ལ་མཚན་སྨོད་དང་སྐུར་བ་གཏབས་པ་ནི་རྒྱུ་འབྲས་དང་ཡོངས་སུ་འགལ་བའི་བྱ་ངན་ཐ་ཤལ་ཞིག་ལོས་ཡིན།

ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ནི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་རེ་བའི་མིག་རིལ་ཇི་བཞིན་ཡིན་པ་དང་། འདི་ནི་རྒྱ་གཞུང་གི་མིག་ནང་གི་ཚེར་མ་དང་སྙིང་ནང་གི་ན་ཟུག་ཅིག་ཡིན་པ་མ་ཟད། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་གཏོར་ཐབས་དང་དཀྲུག་ཐབས་བྱེད་ཡུལ་ཞིག་ཀྱང་ཡིན་ལགས་ན།  ང་ཚོས་ནམ་ཡང་ཁོར་ཡུག་འདིའི་གཡས་གཡོན་ཏུ་གནས་པའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཁོག་ནང་དུག་གི་ཁེངས་བའི་མི་ངན་ཚོར་དོ་གཟོན་བྱེད་དགོས་གལ་ཆེ་ལ། རང་ཚུགས་བརྟན་པོས་ངང་༧གོང་ས་མཆོག་དང་བོད་མའི་སྒྲིགས་འཛུགས་འོག་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཤར་བསྐྱོད་བྱེད་དགོས། བོད་རིགས་ལ་ཞེན་ཞིང་བོད་མི་ལ་གདུང་བའི་སྐྱེས་བོ་རྣམ་ལྡན་སུ་ཡིན་ཡང་སྲུང་སྐྱོབ་བྱེད་དགོས་གལ་ཆེ་ལ། དེ་ནི་ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་པའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་རེད་སྙམ།།