རྐང་འཁོར་རྒྱུག་འགྲན་གྱི་བོད་དོན་ལས་འགུལ།
ཡོ་རུབ་རྒྱལ་ཁབ་ཁག་ཏུ་ཆེས་སྐད་གྲགས་ཅན་གྱི་Arber Radmathon ཞེས་པའི་རྐང་འཁོར་རྒྱུག་རྩེད་འགྲན་སྡུར་ནི་ལོ་ལྟར་འཇར་མན་ནིའི་ལྷོ་ཕྱོགས་སུ་འཚོགས་བཞིན་ཡོད་པ་དང་། སྐབས་དེ་དང་བསྟུན་ནས་བོད་དོན་རྒྱབ་སྐྱོར་བས་རྐང་འཁོར་རྒྱུག་འགྲན་གྱི་ལས་འགུལ་སྤེལ་འདུག
དེ་ཡང་འོད་ཟེར་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་རྐང་འཁོར་རྒྱུག་རྩེད་དེ་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༨ ཉིན་འཇར་མན་ནིའི་ལྷོ་ཕྱོགས་ Regensburg གྲོང་ཁྱེར་དུ་འཚོགས་ཡོད་འདུག་ལ། སྐབས་དེ་དང་བསྟུན་འཇར་མན་ནིའི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་(Tibet Initiative Deutschland e.V.) ས་གནས་འབྲེལ་མཐུད་པ་སྐུ་ཞབས་ Josef Schmid ཀྱིས་སྣེ་ཁྲིད་འོག་ས་གནས་མི་འདྲ་བ་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་བརྒྱད་ཀྱིས་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་དང་། དེ་བཞིན་ད་བར་བོད་དོན་ཆེད་ལུས་ངག་ཡིད་གསུམ་ཡོད་ཚད་ཕུལ་བའི་རྒྱལ་གཅེས་དཔའ་དཔའ་མོ་རྣམས་ཀྱི་ཆེད་“བོད་རང་བཙན་ཆེད་རྐང་འཁོར་རྒྱུག་འགྲན་” (Rennrad Team Free Tibet) ཞེས་པའི་མིང་ཐོག་ནས་སྤྱི་ལེ་བརྒྱ་དང་ལྔ་བཅུ་ང་དྲུག་གི་སར་རྐང་འཁོར་རྒྱུག་འགྲན་བྱས།
འདི་ལོའི་ Arber Radmarathon ནང་དུ་འགྲན་ཞུགས་བྱེད་མཁན་ཡུ་རོབ་རྒྱ་ཁབ་འདྲ་མིན་དང་ས་གནས་སོགས་ནས་བསྡོམས་རྒྱུག་རྩེད་པ་ ༦༥༠༠ ལྷག་མཉམ་ཞུགས་བྱས་འདུག གོང་འཁོད་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ཁྱབ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་དང་གཏམ་བཤད། དེ་བཞིན་ Donau TV དང་ TVA བརྙན་འཕྲིན་ཁང་སོགས་ཀྱི་གསར་འགོད་པས་དྲི་བར་ལན་འདེབས་སྐབས། བོད་ནང་དུ་འགྲོ་བ་མི་ཡི་ཐོབ་ཐང་མེད་པ་དང་། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་མི་སྤྱོད་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད་སྟབས། འདི་དག་དངོས་ཡོད་གནས་ཚུལ་ཡིན་པ་འཛམ་གླིང་མི་མང་གིས་ཤེས་ཆེད་ང་ཚོས་གོ་སྐབས་འདི་ལེན་བཞིན་ཡོད་ལ། ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རུབ་གནའ་འབྲེལ་མཐུན་ཚོགས། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་ཚོང་འབྲེལ་གྱི་ཁེ་ཕན་ཆེད་འགྲོ་བ་མི་ཡི་རིན་ཐང་ལ་རྡོག་རོལ་མི་གཏོང་བའི་རེ་བ་ཞུ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་གཏམ་བཤད་གནང་འདུག
མདོར་ན་སྐད་གྲགས་ཡོད་པའི་ Arber Radmarathon ལ་ལྟ་མཁན་དང་དོ་སྣང་གནང་མཁན་ཕྱི་མི་ས་ཡ་མང་པོ་ཡོད་སྟབས། ད་ལན་སྟབས་བདེ་ལ་ཁྱབ་རྒྱ་ཆེ་བའི་བོད་དོན་ཁྱབ་བསྒྲགས་དེ་ཡང་མི་མང་ས་ཡ་མང་པོས་མཐོང་ཐོས་སུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་འདུག །