ཨི་རག་ཏུ་དྲག་པོའི་དོན་རྐྱེན་རྒྱུན་མ་ཆད་པར་བྱུང་བ།

ཨི་རག་གི་རྒྱལ་ས་གཙོས་པའི་གྲོང་ཁྱེར་མང་པོ་ཞིག་གི་ནང་དུ་འབར་གས་ཀྱི་དོན་རྐྱེན་བསྟུད་མར་བྱུང་སྟེ། མི་༥༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་། དྲག་པོའི་དོན་རྐྱེན་དེ་ནི་ཨི་རག་གི་ཁ་ཆེའི་ཆོས་ལུགས་ནང་ཁུལ་གྱི་འགལ་ཟླར་བརྟེན་ནས་བྱུང་བ་ཞིག་ཡིན་པའི་གནས་ཚུལ་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཕྱི་ཟླ་༤ པ་ནས་བཟུང་མི་༢༥༠༠ ལྷག་ཙམ་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་སོང་ཡོད་པ་དང་། ཕྱི་ལོ་༢༠༠༨ ནས་བཟུང་དྲག་པོའི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་འདུག  དྲག་པོའི་དོན་རྐྱེན་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཞི་ཊི་ཁ་ཆེ་དང་སན་ནི་ཁ་ཆེ་གཉིས་ཀྱི་འགལ་ཟླ་ཇེ་སྡུག་ཏུ་སོང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། སན་ནི་ཁ་ཆེ་ཡིས་ཁོང་ཚོ་ལ་ཞི་ཊི་ཁ་ཆེས་གཙོ་འཛིན་བྱས་པའི་སྲིད་གཞུང་གིས་ལྟ་སྟངས་མི་ལེགས་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།