གྲོས་ཚོགས་འཐུས་མི་ཞིག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་འཆར།
ཕྱི་ཟླ་༨ པའི་ཚེས་༢ ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷན་ཊི་ཝོ་གྷི་ལི་ཡོ་ཡིས་ཨ་རིའི་གྲོས་ཚོགས་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་སྐོར་ལ་གྲོས་འཆར་ཞིག་བཏོན་ཡོད་པ་རེད།
གྲོས་འཆར་དེའི་ནང་དུ་འཁོད་པ་ལྟར་ན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་འབྲེལ་ཡོད་སྐོར་གྱི་ཆིངས་ཡིག་ལ་ས་རྟགས་བཀོད་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་འགལ་བྱས་ཏེ། མུ་མཐུད་དུ་མནར་གཅོད་དང་གཡོག་ལས་ངལ་རྩོལ་སོགས་ལག་སྟར་བྱས་ཏེ། ཚོགས་མིའི་ལས་དོན་དང་མི་མཐུན་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད་ཅེས་འཁོད་འདུག
གྲོས་འཆར་ནང་དུ་དམིགས་བསལ་འཁོད་དོན། རྒྱ་ནག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལུའུ་ཞོ་པོའོ་རྒྱུ་མཚན་མེད་པར་མུ་མཐུད་དུ་བཙོན་འཇུག་བྱས་པ་དང་། ལུའུ་ཞོ་པོའོ་ཡི་སྐུ་ཟླ་ལུའུ་ཞཱ་བཟང་བཙོན་འོག་ཏུ་བཞག་ཡོད་པ་དག་ནི་དངོས་ཡོད་གནས་ཚུལ་རེད། དེར་བརྟེན། ཨ་རིས་ངེས་པར་དུ་རྒྱ་ནག་ལ་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཐོབ་ཐང་སྤྲད་པར་“ངོ་རྒོལ་དྲག་པོ་”བྱེད་དགོས་མ་ཟད། འོས་ཤོག་ལ་རྒྱབ་སྐྱོར་བྱེད་མི་རུང་ཞེས་འཁོད་ཡོད་པ་དང་། དེ་དང་མཉམ་དུ་ཁོང་གིས་རྒྱལ་ཁབ་གཞན་དག་གིས་ཀྱང་རྒྱ་ནག་ལ་རྒྱབ་སྐྱོར་མི་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། དེའི་ཚབ་དུ་ཆ་རྐྱེན་ཚང་བའི་རྒྱལ་ཁབ་གཞན་ཞིག་ལ་འོས་བླུགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲུབ་ཆ་གལ་ཆེ་ཤོས་དེའི་ཚོགས་མི་རུ་མཉམ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱས་ཡོད་འདུག །