བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་༧ པ་དབུ་འཛུགས།

2013_8_7

བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པ་ཞིག་རེད། ལེགས་སྦྱར་གྱི་སྐད་ཡིག་ནང་གང་མངོན་པར་གསལ་ཐུབ་པ་དེ། བོད་ཀྱི་སྐད་ཡིག་ནང་མངོན་པར་གསལ་ཐུབ་ཀྱི་ཡོད་རེད་ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་༧ པའི་ཐོག་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ །༣༠ ཀྱི་སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཞོན་ནུ་རུ་ཁག་གི་གོ་སྒྲིག་འོག ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་༧ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་དང་། གཞན་ཡང་ཐེངས་འདིའི་བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་དང་ཚོགས་ཞུགས་པ། ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཚང་མ་མཉམ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས།

2013_8_7ས་རཱའི་གཞོན་ནུ་རུ་ཁག་གི་ཚོགས་གཙོ་སྐལ་བཟང་དགྲ་འདུལ་གྱིས་བགྲོ་གླེང་འཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་སྐབས། མི་རིགས་དང་་རྒྱལ་ཁབ་ག་འདྲ་ཞིག་ལ་ཆ་མཚོན་ན་ཡང་ཡིག་སྒྱུར་གྱི་ལས་གཞི་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། བོད་མི་རིགས་ལ་ཆ་མཚོན་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཐོག་ལ་ཕབས་ཏེ་བརྒྱུད་སྤྲོད་བྱ་དགོས་སྐོར་དང་། དེ་བཞིན་དེ་ལས་ཀྱང་གལ་ཆེ་བ་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་བོད་ཡིག་ཙམ་ལས་སྐད་ཡིག་གཞན་པ་མི་ཤེས་མཁན་མང་པོ་ཡོད་པར་བརྟེན། མི་རིགས་གཞན་གྱི་ལྟ་གྲུབ་དང་ཚན་རིག་ལག་རྩལ་སོགས་ནང་འདྲེན་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ལ་དམིགས་ཏེ་བགྲོ་གླེང་དེ་གོ་སྒྲིག་བྱས་པ་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པས་མཛད་སྒོ་དང་འབྲེལ་བའི་གསུངས་བཤད་གནང་སྐབས། ས་རཱ་མཐོ་སློབ་དེ་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཆེད་སོགས་ལ་དམིགས་ཏེ་ཐོག་མར་གསར་དུ་བཙུགས་པའི་བརྒྱུད་རིམ་ངོ་སྤྲོད་དང་། ཡིག་སྒྱུར་བྱེད་སྐབས་གང་སྒྱུར་མཁན་གྱི་གང་ཟག་དེར་ཕྱོགས་གཉིས་ཀྱི་སྐད་ཡིག་གི་ཤེས་ཚད་ཚད་ལྡན་ཞིག་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར། དེ་བཞིན་ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་མི་རིགས་གཞན་གྱི་རིག་གནས་མང་པོ་ཞིག་ནང་འདྲེན་བྱ་མ་ཐུབ་པའི་སྟོང་ཆ་ཡོད་པ་དེ་དག་བསྐོངས་ཐབས་སུ་ཚང་མས་འགན་མཉམ་ཁུར་བྱ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་དོན། “ལེགས་སྦྱར་དང་པ་ལི་ཡང་ན་དེ་མ་ཡིན་པའི་རྒྱ་གར་གྱི་སྐད་ཐོག་ནས་ནང་པའི་གཞུང་ལུགས་དེ་དག་བོད་སྐད་ཐོག་ཅི་ཙམ་གྱིས་ཡང་དག་པ་སྒྱུར་ཐུབ་པ་ནང་བཞིན། བོད་སྐད་དང་རྒྱ་གར་གྱི་སྐད་ཐོག་ནས་ནང་པའི་ཆོས་དང་འབྲེལ་བའི་གཞུང་ལུགས་དེ་དག དབྱིན་ཡིག་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་སྒྱུར་ཐུབ་པ་ཞིག་ཡོང་གི་མ་རེད་བསམ་གྱི་ཡོད། དེ་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་བྱས་པ་དེ་འདྲ་མ་རེད། ཡིན་ན་ཡང་བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པ་ཞིག་རེད། ལེགས་སྦྱར་གྱི་སྐད་ཡིག་ནང་གང་མངོན་པར་གསལ་བ་བཟོ་ཐུབ་པ་དེ། བོད་ཀྱི་སྐད་ཡིག་ནང་མངོན་པར་གསལ་བ་བཟོ་ཐུབ་ཀྱི་ཡོད་རེད། སྡེབ་སྦྱོར་སོགས་ཕྱོགས་གང་ནས་བལྟས་ན་ཡང་། ལེགས་སྦྱར་གྱི་སྐད་ཀྱིས་མཚོན་པའི་རྒྱ་གར་གྱི་སྐད་ཡིག་ཁག་གི་ནང་ཡོད་པའི་གནད་དོན་དེ་ཚོ་ཇི་མ་ཇི་བཞིན་སྟོན་ཐུབ་པའི་སྐད་ཡིག་དེ་བོད་ཡིག་གཅིག་པུ་རེད། དེར་བརྟེན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའམ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུང་པ་དེ། ཐེག་ཆེན་པའི་ལུགས་ལྟར་བྱས་ན་སྟོན་པ་རང་གི་ངོས་ནས་ལེགས་སྦྱར་ལྷ་ཡི་སྐད་ལ་གསུངས་པ་དང་། གདུལ་བྱ་སོ་སོའི་ངོས་ནས་རང་རང་གི་སྐད་ཀྱི་ཐོག་ནས་གོ་ཡི་ཡོད་པ་རེད། མིའི་སྐད་གཅིག་པུ་མ་ཡིན་པར་མི་ལས་གཞན་པའི་འགྲོ་བ་དག་གི་སྐད་ཀྱི་ཐོག་ནས་གོ་བ་དེ་འདྲ་ཞིག་རེད”་ཅེས་དང་།

2013_8_7_1ཡང་ཁོང་གིས་ཡིག་སྒྱུར་བྱེད་རྒྱུར་སྐད་ཡིག་གི་འགྲོས་མཉམ་དགོས་སྐོར་གསུངས་དོན། “སྐད་ཡིག་གི་ངོ་བོའི་ཆ་ནས། ནུབ་ཕྱོགས་ཀྱི་སྐད་ཡིག་དང་ལེགས་སྦྱར་གྱི་སྐད་ཡིག་གི་འགྲོས་དང་སྒྲོམ་གཞི་གཉིས་ཆ་མི་མཐུན་པ་ཡིན་ཙང་། ལེགས་སྦྱར་ནས་བོད་སྐད་ནང་བསྒྱུར་བ་ནང་བཞིན། བོད་སྐད་དང་ལེགས་སྦྱར་གྱི་སྐད་ཐོག་ནས་ནུབ་ཕྱོགས་ཀྱི་སྐད་ཀྱི་ཐོག་ལ་སྒྱུར་རྒྱུ་སོགས་ཀྱི་ཐད་ལ་ཏན་ཏན་དཀའ་ངལ་འཕྲད་ཀྱི་རེད། དེ་ག་དུས་ཡིན་ན་ཡང་ལབ་ཀྱི་ཡོད། ནུབ་ཕྱོགས་ཀྱི་སྐད་ཡིག་སྤྱི་དང་ལྷག་པར་དུ་དབྱིན་ཡིག་ལྟ་བུར་མཚོན་ན། སྤྱིར་བཏང་སྐད་ཡིག་ཕྱུག་པོ་ཡིན་པ་དེ་བཤད་མ་དགོས་པ་རེད། དེའི་ནང་དེང་རབས་ཀྱི་རིག་པའི་གནས་མང་པོ་ཡོད་རེད། དེ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ནང་པའི་གསུང་རབ་དེ་དག་སྒྱུར་ཐུབ་ཀྱི་རེད་ཅེས་ལབ་ན། ཁྱབ་པ་ཐལ་བའི་གནས་སྟངས་ཆགས་ཀྱི་ཡོད་རེད”་ཅེས་གསུངས་སོང་།

ཡང་ཁོང་གིས་ཐ་སྙད་གསར་བཟོ་བྱེད་རྒྱུར་རིགས་པ་དང་མི་འགལ་བ་དང་། བརྡ་སྤྲོད་པའི་གཞུང་དང་མི་འགལ་བ། འཇིག་རྟེན་གྱི་གྲགས་པ་གསུམ་དང་མི་འགལ་བ་བྱ་དགོས་སྐོར་དང་། ཡིག་སྒྱུར་སྐབས་ཚང་མས་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་བསམ་བློ་གཏོང་དགོས་སྐོར། དེ་བཞིན་སྔོན་མའི་བོད་ཀྱི་ལོ་རྒྱུས་ནང་སྒྲ་སྒྱུར་ཞེས་འབོད་ཀྱི་ཡོད་པ་དེར་དེང་སང་ཡིག་སྒྱུར་ཞེས་འབོད་ཀྱི་ཡོད་སྐོར་གསུངས་ཏེ། སྒྲ་སྒྱུར་དང་ཡིག་སྒྱུར་གྱི་གོ་དོན་དང་། དེ་བཞིན་བོད་ཀྱི་རིག་གནས་ཟེར་བ་དེ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་རིག་གནས་དེ་དག་ལ་གོ་དགོས་སམ། ཡང་ན་འཇུག་ཡུལ་གཞན་གང་ཡོད་མེད་སོགས་ཀྱི་ཐད་ལ་ཐེངས་འདིར་དཔྱད་པ་དང་བགྲོ་གླེང་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

མཐར་ས་རཱའི་གཞོན་ནུ་རུ་ཁག་གི་ཚོགས་གཞོན་ཡེ་ཤེས་དཔལ་ལྡན་གྱིས་ཐུགས་རྗེ་ཆེ་ཞེས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་།

བོད་ཀྱི་རིག་གནས་བགྲོ་གླེང་འདིར་ཉིན་གསུམ་གྱི་རིང་བཙན་བྱོལ་ནང་གི་ཡིག་སྒྱུར་བ་མི་གྲངས་༢༠ ལྷག་གིས་ཡིག་སྒྱུར་གྱི་སྐོར་ལ་གཏམ་བཤད་དང་། དེ་བཞིན་ཚོགས་ཞུགས་པ་ཚོས་དྲི་བ་དྲིས་ལན་གྱི་ཐོག་ནས་བགྲོ་གླེང་བྱ་རྒྱུ་རེད་འདུག་ལ། ཐེངས་འདིར་ཡིག་སྒྱུར་བ་དང་ཡིག་སྒྱུར་ལ་དོ་སྣང་ཡོད་མཁན་མི་གྲངས་༦༠ ལྷག་མཉམ་ཞུགས་བྱས་ཡོད་འདུག