གཞོན་ལྷན་ཚོགས་གཙོ་ངོ་སྤྲོད་དང་འབྲེལ་བའི་བཅར་འདྲི།
གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ངོ་སྤྲོད་དང་འབྲེལ་བའི་བཅར་འདྲི། དྲི་བ། སྐུ་ཉིད་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ང་བལ་ཡུལ་ཀ་ཏ་མན་ཊི་ལ་སྐྱེས་པ་དང། ཐོག་མར་སློབ་གྲྭ་རྒྱ་གར་རྡོ་རྗེ་གླིང་St. Joseph’s School, North Point ཞེས་པའི་དབྱིན་ཇི་སློབ་གྲྭ་དེ་ནས་འཛིན་གྲྭ་བཅུ་པ་ཐོན། དེ་ནས་བྷེང་ལོར་དུ་ཡོད་པའི་BALDWIN METHODIST མཐོ་སློབ་ཏུ་ལོ་གཉིས་རིང་སློབ་སྦྱོང་བྱས་པའི་རྗེས།
ཚུར་བལ་ཡུལ་ལ་སླེབས་ནས་ཨ་རིའི་མཐོ་རིམ་སློབ་གྲྭ་(University Of Colorado Denver) ཞེས་པའི་ཡན་ལག་བལ་ཡུལ་དུ་ཡོད་པ་དེར་ལོ་གཅིག་ཙམ་ལ་སློབ་སྦྱོང་བྱས། དེ་ནས་ཨ་རི་ལ་སོང་ནས་མུ་མཐུད་དུ་(University Of Colorado Denver) མཐོ་སློབ་ཏུ་སློབ་སྦྱོང་བྱས། དེར་ཕྱིའི་སློབ་གྲོགས་མང་པོ་ཞིག་དང་འབྲེལ་བ་བྱུང་བའི་སྐབས། ཁྱོད་གང་ནས་ཡིན་ཟེར་བའི་དྲི་བ་དེ་རང་བཞིན་གྱིས་སླེབས་ཡོང་གི་འདུག དེ་ཡིན་དུས་ང་རང་སྐྱེས་ས་བལ་ཡུལ་ཡིན་ན་ཡང་ངའི་ཕ་མ་ཚོ་བོད་ནས་སླེབས་པ་རེད་ཅེས་འགྲེལ་བཤད་རྒྱག་སྐབས་མང་ཆེ་བ་ཞིག་གིས་བོད་དེ་གང་དུ་ཡོད་མིན་གྱི་གནས་ཚུལ་ཤེས་ཀྱི་མི་འདུག དེས་བོད་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་པ་སྟོན་གྱི་ཡོད་པ་རེད། དེར་བརྟེན་སོ་སོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ནང་གི་གནས་ཚུལ་དང་བོད་ཅེས་པའི་ལུང་པ་དེ་གང་དུ་ཡོད་མིན་སོགས་ཀྱི་གནས་ཚུལ་ཕྱི་ལོགས་ཀྱི་དབྱིན་ཇིའི་སློབ་གྲོགས་ཚོར་ཁྱབ་ཐུབ་རྒྱུ་དེ་གལ་ཆེན་པོ་ཞིག་མཐོང་ནས། སློབ་གྲྭ་དེའི་ནང་དུ་ཐོག་མར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་པ་ཡིན། ཕལ་ཆེར་དགུ་ཅུ་གོ་དགུའི་ནང་རེད། དེ་ནས་མཐོ་སློབ་མ་ཐོན་བར་དུ་སློབ་གྲྭ་དེའི་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོའི་འགན་ཁུར་བ་དང་། མཐོ་སློབ་དང་ས་གནས་དེའི་ཁུལ་དུ་ལས་འགུལ་མང་པོ་ཞིག་སྤེལ་བ་ཡིན།
དེ་ནས་སློབ་མཐར་ཕྱིན་སྐབས་ཨ་རིར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Colorado Friends Of Tibet) ཞེས་པ་ཞིག་ཡོད་རེད། སྐབས་དེའི་ཁོང་ཚོའི་སྤྱི་ཁྱབ་འགན་འཛིན་གནས་སྤོས་པས། ངས་༢༠༠༥ ནས་ལོ་ལྔ་དྲུག་ཅིག་གི་རིང་ལ་ཁཱོ་ལོ་རཱ་ཌོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བྱས་པ་ཡིན། ༢༠༠༧ ལོར་ཁཱོ་ལོ་རཱ་ཌོ་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་ས་གནས་དེར་ཡོད་པའི་བོད་མི་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོད་པ་དག་གིས་འོས་བླུགས་ཏེ་ང་འདམས་པ་རེད། མུ་མཐུད་དུ་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་དེ་གར་ལས་ཀ་བྱས་པ་རེད། དེ་ནས་ང་སློབ་གྲྭར་འགྲོ་སྐབས་གཞས་ཀྱི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་པ་དང། དམིགས་བསལ་སྤྱི་ཡོངས་ཀྱི་(Music Industry) རོལ་དབྱངས་བཟོ་བསྐྲུན་སྐོར་ལ་རེད། Music Industry ཟེར་དུས་གཞས་གཅིག་པུ་མ་ཡིན་པར་ཚོང་དང་ཚང་མ་ལ་འབྲེལ་བ་ཡོད་པའི་གཞས་དང་ཚོང་གཉིས་ཀ་ཡིན་པའི་སློབ་སྦྱོང་ཞིག་རེད། ངའི་ནམ་རྒྱུན་བསམ་བློ་གཏོང་སྟངས་དེ་ག་རེ་ཡིན་ཟེར་ན། སོ་སོའི་སློབ་སྦྱོང་བྱས་པ་དེས་རང་གི་མི་རིགས་དང་རྩ་དོན་གྱི་ཆེད་དུ་གང་འདྲ་བྱས་ནས་ཕན་ས་རེད་རྟག་པར་བསམ་གྱིི་ཡོད། ཐེངས་ཤིག་ང་Minnesota ལ་སྤུན་མཆེད་ཐུག་པར་སོང་བ་ཡིན། དེར་སྤྱི་ཚོགས་དེ་ཚགས་ཚུད་པོ་ཞེ་དྲག་ཅིག་མཐོང་སོང་། ཕལ་ཆེར་ས་གནས་དེ་ལ་བོད་པ་ཉིས་སྟོང་སུམ་སྟོང་ཙམ་ཡོད་ས་རེད། ངའི་སྤུན་མཆེད་བསྟན་འཛིན་ངག་དབང་ཟློས་གར་ཟུར་པ་ཞིག་རེད། ཁོང་གིས་དེར་གཞས་བསླབ་ནས་བསྡད་ཡོད་པས། ངས་ཀྱང་དེ་གོ་སྐབས་ཡག་པོ་ཞིག་མཐོང་ནས་ཉིས་སྟོང་བརྒྱད་ཙམ་ལ་ང་Minnesota དུ་སྤོས་པ་ཡིན། དེར་ས་གནས་གཞོན་ནུ་འདུག བུད་མེད་འདུག ཚང་མ་ཚགས་ཚུད་པོ་ཞེ་དྲག་འདུག དེ་ཡིན་དུས་༢༠༠༩ ལོར་དེ་གའི་ས་གནས་གཞོན་ནུའི་ཚོགས་གཙོ་ལོ་གཉིས་རིང་བྱས་པ་ཡིན། དེའི་རྗེས་སུ་ཡང་བསྐྱར་སླེབས་ཏེ་ལོ་གཉིས་ལ་ཚོགས་གཙོ་བྱས་པ་རེད། ད་ལོར་ཉེ་ཆར་འདིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་བཅར་བའི་གོ་སྐབས་བྱུང་སོང་། འདིར་སླེབས་དུས་མི་མང་གིས་འོས་བླུགས་ནས་དབུས་གཞོན་ནུའི་ཚོགས་གཙོ་ཆགས་རེད། ད་ལོ་རྒྱུས་འདྲ་བོ་དེ་འདྲ་ཞིག་ཡིན།
དྲི་བ། ཁྱེད་ཀྱིས་གཞོན་ལྷན་ཚོགས་གཙོ་གནང་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན།
ལན། ཐོག་མར་ང་འདིར་ཚོགས་འདུ་ལ་སླེབས་དུས་ཚོགས་གཙོ་ཆགས་ཀྱི་རེད་བསམ་པའི་བསམ་བློ་ཡོད་པ་མ་རེད། སྤྱིར་བཏང་གི་ཚོགས་འདུ་དེ་སྔ་སྣུར་གྱིས་བསྐོངས་དགོས་ཁེལ་བ་དང་ཚོགས་འདུ་ཛ་དྲག་ཅིག་ཡིན་དུས། མཱེ་ནི་སོ་ཊ་ས་གནས་ཀྱི་གཞོན་ནུ་དེ་བྱང་ཨ་རིའི་གཞོན་ནུའི་ནང་ནས་ཤུགས་ཆེ་ཤོས་འདྲ་བོ་བརྩིས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོ་ལ་དུས་ཚོད་དང་མཐུན་རྐྱེན་ཚང་མ་ཡོད་དུས། ཚོགས་འདུ་ལ་སླེབས་པ་ཡིན། ཚོགས་འདུ་ལ་ཡོང་ནས་ཚོགས་གཙོ་ཆགས་དུས་སོ་སོའི་ངོས་ནས་གྲ་སྒྲིག་གཅིག་ཀྱང་ཡོད་མ་རེད་ལ། ཐོག་མར་ཚོགས་འདུར་སླེབས་དུས་མཱེ་ནི་སོ་ཊ་གནས་ནས་བདུན་ཕྲག་གསུམ་རིང་གུང་སེང་ཞུས་ནས་སླེབས་པ་ཡིན། ད་ལྟ་ལས་ཀ་ནས་ཀྱང་དགོངས་པ་ཞུས་པ་རེད། དེ་ག་ནང་བཞིན་སྐྱེས་དམན་ཡང་ཨ་རིར་ཡོད་རེད། ཡིན་ནའང་སོ་སོའི་ངོས་ནས་ད་ལྟའི་བར་དུ་རྩ་དོན་ཐོག་ལ་ལས་ཀ་ག་རེ་བྱས་པ་ཡིན་ནའང་མི་མང་གིས་བདམས་ནས་བྱུང་བ་རེད། མི་མང་གིས་འོས་བླུགས་པ་རྩ་ཆེན་པོར་བརྩི་ཡོད། དེ་བཞིན་སོ་སོའི་ངོས་ནས་སོ་སོའི་མི་རིགས་རེད། སོ་སོའི་རྒྱལ་ཁབ་རེད། སོ་སོའི་འཐབ་རྩོད་ལ་ལས་ཀ་བྱེད་པའི་གོ་སྐབས་དེ་རྩ་ཆེ་ཤོས་ཤིག་ལ་བརྩིས་བསྡད་ཡོད། ད་རེས་ཀྱི་གོ་སྐབས་རག་པ་དེ་ལ་དམིགས་བསལ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་གིས་འོས་བླུགས་ཏེ་སླེབས་པའི་མང་མོས་ཀྱི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོད་དུས། ད་ལྟའི་སྐབས་དེ་ལ་ང་རང་གིས་ཁས་བླངས་པ་འདྲ་བོ་ཞིག་རེད།
དྲི་བ། མ་འོངས་པ་ལས་དོན་ཤུགས་རྒྱག་ས་གཙོ་བོ་ག་རེ་ཡིན་ནམ།
ལན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཕྱི་ལོ་༡༩༧༠ ནང་བཙུགས་པ་རེད་ལ། དབུས་དང་ས་གནས་ཚང་མར་ཚོགས་མི་དང་རྒྱུན་ལས་མང་པོ་ཞིག་གིས་སྐུ་ལས་བསྐྱོན་ནས་ད་ལྟའི་དུས་ཚོད་འདིར་གཞོན་ནུ་བརྟན་པོར་གནས་ཡོད་པའི་རྒྱུ་མཚན་གཙོ་བོ་ཆགས་ཡོད་རེད། ད་ང་རང་ཚོ་ལའང་འགན་ཆེན་པོ་ཞིག་ཡོད་རེད། སྤྱིར་བཏང་ང་ཚོས་གཙོ་བོ་དེ་ང་རང་ཚོའི་སྒྲིག་འཛུགས་སྲ་བརྟན་བྱེད་རྒྱུ་དེ་འདྲ་ཞིག་གི་དམིགས་ཡུལ་དང་འཆར་གཞི། གཉིས་པ་དེ་མི་རབས་གསར་པའི་སྙིང་སྟོབས་གོང་འཕེལ་ཞེས་མི་རབས་གསར་པ་རྣམས་ལ་སེམས་ཤུགས་སྤར་རྒྱུ། གསུམ་པ་དེ་ང་རང་ཚོ་གཞོན་ནུའི་ཚོགས་མི་ཡིན་ནའང་རེད། ཕྱི་ལོགས་ཀྱི་ཚོགས་པ་གཞན་དག་ཡིན་ནའང་རེད། འབྲེལ་བ་ཡག་པོ་བྱས་ནས་གཅིག་སྒྲིལ་གྱི་རྣམ་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་བཅས་དམིགས་ཡུལ་ཡིན། སྤྱིར་བཏང་གཞོན་ནུ་ལྷན་ཚོགས་ཡིན་པས། སྒྲིག་འཛུགས་རེད། སྒྲིག་འཛུགས་ནང་ལ་འགན་འཛིན་ལྷན་ཚོགས་ཡོད་རེད། ཚོགས་ཆེན་འཚོགས་དགོས་པ་རེད། འགན་འཛིན་ལྷན་ཚོགས་དང། ཚོགས་ཆེན་ནང་ལའང་གྲོས་གཞི་མང་པོ་ཞིག་འཇོག་གི་ཡོད་པ་དེ་ལག་བསྟར་དགོས་རེད། སྤྱིར་བཏང་གི་འགྲོ་སྟངས་དེ་རེད། ང་ཚོས་ག་རེ་བྱས་ནའང། སྒྲིག་འཛུགས་ཀྱི་འོག་ལ་བསྡད་ནས་སྒྲིག་འཛུགས་དང་མ་འགལ་བར་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།
དྲི་བ། ཁྱེད་རང་བོད་དོན་ལས་འགུལ་དང། ཚོགས་པ་སྒྲིག་འཛུགས་མང་པོའི་ནང་ཞུགས་མྱོང་བས། བོད་དོན་ལས་འགུལ་སྤེལ་སྐབས། དཀའ་ངལ་ཆེ་ཤོས་དེ་ག་རེ་ངོས་འཛིན་བྱེད་ཀྱི་ཡོད།
ལན། དང་པོ་བོད་ཀྱི་རྩ་དོན་ཐོག་ལ་ལས་ཀ་བྱས་དུས་རྒྱུ་མཚན་ཞིག་ཡོད་པས་ང་ཚོ་ལས་འགུལ་ནང་ལ་སྡོད་ཀྱི་ཡོད་པ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན་སོ་སོའི་ལུང་པ་དེ་མེད་པའི་གནས་སྟངས་འོག སོ་སོའི་ལུང་པའི་ནང་དུ་ཡོད་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོར་དཀའ་ངལ་ག་ཚོད་ཅིག་ཡོད་རེད། དེ་ཚོ་ལ་གཅིག་བལྟས་ནས་ལས་ཀ་བྱས་དུས་སོ་སོའི་ངོས་ནས་དཀའ་ངལ་ཞེ་དྲག་ཅིག་མཐོང་གི་མི་འདུག སོ་སོའི་ངོས་ནས་གང་ཐུབ་ཐུབ་ཀྱི་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད། གང་ཐུབ་ཐུབ་ཀྱི་ལས་འགུལ་སྤེལ་དགོས་ཀྱི་ཡོད་རེད། ད་ལྟའི་སྐབས་འདིར་ལས་འགུལ་གྱི་ཚད་མཐོ་རུ་གཏོང་དགོས་ཀྱི་རེད་བསམ་གྱི་ཡོད། དཀའ་ངལ་ཆུང་ཆུང་དེ་འདྲ་ཡོད་རྒྱུ་རེད་དེ། སྤྱི་ཡོངས་ཀྱི་བསམ་བློ་རྒྱ་ཆེན་པོ་ཞིག་བཏང་ནས་བོད་ནང་གི་དཀའ་ངལ་ལ་གཅིག་ལྟ་དུས། སོ་སོའི་དཀའ་ངལ་དེ་ཆེན་པོ་མ་རེད་བསམ་གྱི་ཡོད། སོ་སོའི་ངོས་ནས་དཀའ་ངལ་ག་འདྲ་ཞིག་ཡོད་ནའང་སེམས་ཤུགས་སྤར་རྒྱུ་དང་སེམས་ཤུགས་འཕར་བའི་གནས་སྟངས་དེ་བོད་ནང་གི་སྤུན་ཟླ་ཚོ་ཆགས་བསྡད་འདུག
དྲི་བ། མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་ཐད་ཚོགས་མི་དང་མི་མང་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཡོད་དམ།
ལན། གཙོ་ཆེ་ཤོས་དེ་གོང་དུ་ཞུས་པ་ནང་བཞིན་བོད་ནང་གི་དཀའ་ངལ་དེ་རེད། བོད་ནང་དུ་སྐུ་ལུས་མེར་སྲེག་བཏང་ནས་བརྒྱ་དང་ཉི་ཤུ་ལྷག་ཟིན་ཡོད་པ་རེད། དེའི་དཀའ་ངལ་དེ་ང་རང་ཚོས་ག་འདྲ་བྱས་ནས་སེལ་ཐུབ་ཀྱི་ཡོད་མིན་སྐོར་ལ་ང་རང་ཚོའི་སྤྱི་ཚོགས་ནང་དུ་ཚང་མས་གཅིག་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་མཐོང་གི་འདུག དམིགས་བསལ་ཆབ་སྲིད་ཀྱི་གོ་རྟོགས་ཡར་རྒྱས་གཏོང་རྒྱུ་དང་མང་གཙོའི་གོ་རྟོགས་ཡར་རྒྱས་གཏོང་དགོས་རྒྱུ་བཅས། སོ་སོའི་ངོས་ནས་འགན་ཁུར་ཏེ་ཚོགས་པ་གཅིག་བསྒུག་མ་བསྡད་པར། རང་ངོས་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་དེ་གལ་ཆེ་པོ་ཞེ་དྲག་མཐོང་གི་འདུག
བོད་ཀྱི་གཞོན་ལྷན་གྱི་ཚོགས་ཆེན་བཅོ་ལྔ་པ་འཚོགས་ཏེ། ༢༠༡༣ ལོའི་ཕྱི་ཟླ་༦ ཚེས་༡ ཉིན་གཞོན་ལྷན་གྱི་དབུས་རྒྱུན་ཁག་གསར་འདེབས་བྱས་ཡོད་པ་རེད། སྐབས་དེར་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང། ཚོགས་གཞོན་རྟ་མགྲིན་སྲིད་ཆོས། དྲུང་ཆེ་བསྟན་འཛིན་ལམ་བཟང་འོས་འདེབས་བྱས་ཡོད་པ་རེད།།
༢༠༡༢ ལོར་བཅར་འདྲི་ཞིག།
http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-15/7653-2012-03-04-04-54-31