ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་ལ་དོགས་སློང་།
<<རེས་གཟའ་ཉི་མའི་དུས་བབ་>> ཀྱི་རྒྱང་ཤར་ཨེ་ཤི་ཡའི་གསར་འགོད་པ་མེ་ཁལ་ཤི་རི་ཌན་(Michael Sheridan) གྱིས་ཕྱི་ཚེས་༡༡ ཉིན་གནས་ཚུལ་ཞིག་སྤེལ་བའི་ནང་། ཉེ་ཆར་ཕྱིར་གྱར་བའི་ནང་ཁུལ་གྱི་ཡིག་ཆ་ཞིག་ལ་བརྟེན་ནས།
རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཞི་ཅིང་ཕིན་གྱི་ཁྲིམས་ལུགས་འབུམ་རམས་པའི་ལག་ཁྱེར་དེ་ངོ་མ་ཡིན་མིན་སྐོར་དོགས་སློང་བྱས་ཡོད་པ་རེད།
དབྱིན་ཡུལ་གྱི་<<རེས་གཟའ་ཉི་མའི་དུས་བབ་>> ཞེས་པའི་ཐོག་གཟའ་འཁོར་སྔོན་མའི་ནང་དུ་ཧོང་ཀོང་ནས་ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་པར་བཤུས་ཀྱི་ཡིག་ཆ་ཞིག་རྙེད་ཡོད་པ་དང་། ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་དེ་དངོས་སུ་དཔར་བསྐྲུན་བྱས་མྱོང་མེད་པ་རེད་འདུག་ལ། ཕྱི་ལོ་༢༠༠༢ ལོ་ནི་ཞི་ཅིན་ཕིང་གི་དཔོན་པོའི་གོ་གནས་ཐོག་གི་ཆེས་འགག་རྩའི་ལོ་ཞིག་ཡིན་པ་རེད།
གནས་ཚུལ་དེའི་ནང་། ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་དེར་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། རྒྱ་ནག་གི་རྩོམ་པ་པོའི་ནང་ཁུལ་དུ་སྔོན་ནས་ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་དེ་མི་གཞན་གདན་འདྲེན་ཞུས་ནས་བྲིས་པ་རེད་ཅེས་པའི་བཤད་ཚུལ་དེར་གཞི་རྩ་མེད་པ་ཞིག་མིན་པ་རེད།
ཁ་བྱང་ལ་ <<རྒྱ་ནག་གི་ཞིང་གྲོང་ཁྲོམ་ར་ཅན་ལ་ཞིབ་འཇུག >> ཅེས་པའི་དཔྱད་རྩོམ་དེ་ཁྲིམས་དང་ཁྲིམས་ལུགས་རིག་པར་ཧ་ལམ་འབྲེལ་བ་མེད་པ་ཞིག་ཡིན་པ་རེད།
དཔྱད་རྩོམ་གྱི་དོགས་གནས།
ཞི་ཅིན་ཕིང་གི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་ནང་དུ་འཁོད་པ་ལྟར་ན། ཁོང་གིས་ཕྱི་ལོི་༢༠༠༢ ལོའི་ཕྱི་ཟླ་༡༠ པའི་ནང་རྒྱ་ནག་ཀྲི་ཅང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་སྐུ་ཚབ་ཀྱི་འགན་ཁུར་བ་མ་ཟད། ལོ་དེའི་ནང་དུ་ཞིན་ཧྭ་སློབ་གྲྭ་ཆེན་མོའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་སློབ་གླིང་དུ། མཱར་ཁི་སི་རིང་ལུགས་ཀྱི་གཞུང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོ་ཆེད་སྦྱངས་ཀྱིས་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་འབུམ་རམས་པའི་ལག་ཁྱེར་ཐོབ།
གནས་ཚུལ་དེའི་ནང་དུ་སྐྱོན་བརྗོད་མཁན་གྱི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ཤེས་ཚད་ལག་ཁྱེར་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རང་ཉིད་ཀྱི་ཤེས་ཚད་ངོམ་བྱེད་ཀྱི་ལག་ཆ་ཞིག་ཆགས་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་སྙན་ཐོའི་ནང་དུ་གསལ་བ་ལྟར་ན། ཕྱི་ལོ་༢༠༠༧ ལོར་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྱི་འགན་ཁུར་ཡོད་པ་དང་། ༢༠༠༨ ལོར་ཤིན་ཧཱ་སློབ་གྲྭ་ཆེན་མོའི་དམར་ཤོག་དྲུང་ཆེ་ཁྲིན་ཞཱི་དབུས་ཤེས་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པའི་གོ་གནས་ཐོག་བསྐོ་བཞག་བྱས་ཡོད་པ་རེད།
ཞི་ཅིན་ཕིང་དང་སྐབས་དེའི་ཤིན་ཧཱ་སློབ་གྲྭ་ཆེན་མོའི་དམར་ཤོག་དྲུང་ཆེ་ཁྲིན་ཞཱི་གཉིས་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཡིན་པ་མ་ཟད། ཁྲིན་ཞཱི་ཡི་ཕ་ཡུལ་ཧྥིག་ཅེ་ཡིན་ཞིང་། ཞི་ཅིན་ཕིང་གིས་ཧྥིག་ཅེ་རུ་ལོ་བཅུ་གྲངས་ཤིག་ལས་ཀ་བྱས་ཏེ་བསྡད་མྱོང་ཡོད་པ་རེད།
འབྲེལ་ཡོད་རྩོམ་པ་པོས་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྩོམ་རིག་ཁོ་ནའི་ངོ་བོའི་ཐོག་ནས་བལྟས་པ་ཡིན་ན། ཤོག་གྲངས་༡༦༡ ཙམ་ཡོད་པའི་འབུམ་རམས་པའི་དཔྱད་རྩོམ་དེར་རལ་པོ་ལྷན་པས་མི་ཁེབས་པ་ལྟ་བུའི་སྐྱོན་ཆ་མཆིས་པ་མ་ཟད། ཐོག་མའི་ཞིབ་འཇུག་གྲུབ་དོན་མ་ཡིན་པ་དང་། དཔྱད་རྩོམ་དེ་ཕལ་ཆེར་རྒྱ་ནག་གཞུང་གི་བརྟག་དཔྱད་སྙན་ཐོ་ཁག་ཅིག་དང་ཕྱི་རྒྱལ་གྱི་ཞིབ་འཇུག་མཐའ་སྡོམ་ཁ་ཤས་མཉམ་དུ་བསྡོམས་པའི་རྗེས། ཆེད་ལས་ཚོགས་པ་ཞིག་གིས་མཱ་ལེ་རིང་ལུགས་ཀྱི་ཐ་སྙད་བཅོས་སྦྱོར་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་རེད།
ཞི་ཅིན་ཕིང་གི་འབུམ་རམས་པའི་དཔྱད་རྩོམ་ནང་དུ་རྩོམ་པ་པོ་གསུམ་དང་ཞིབ་འཇུག་པ་གཅིག་ལ་རོགས་ཕན་ཆེན་པོ་བྱུང་བའི་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་དང་། དཔྱད་རྩོམ་གྱི་ནང་དུ་ད་དུང་རྒྱ་ཡིག་གི་དཔྱད་གཞིའི་དེབ་༩༧ དང་དབྱིན་ཡིག་གི་དཔྱད་གཞིའི་དེབ་༢༦ ཡོད་པར་བསྟན་ཡོད་པ་རེད།
གཞུང་ཕྱོགས་ཁ་ཁུ་སིམ་པོར་སྡོད་པ།
གནས་ཚུལ་དེའི་ནང་དུ་རྒྱུས་ལོན་བྱས་པ་ལྟར་ན། ཞི་ཅིན་ཕིང་ཁོང་རང་ཉིད་ཀྱིས་ཁོང་གི་ཤེས་ཚད་ཀྱི་ལབ་གླེང་དེའི་སྐོར་ལ་ཡོངས་གྲགས་ཀྱིས་སྐད་ཆ་གཅིག་ཀྱང་བཤད་མ་མྱོང་བ་དང་། ཁ་ཁུ་སིམ་པོར་བསྡད་ཡོད་པ་རེད།
ཞི་ཅིན་ཕིང་ཁོང་སྒེར་གྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་དུ་གསལ་བ་ལྟར་ན། ཁོང་གིས་ཕྱི་ལོ་༡༩༩༨ ལོ་ནས་༢༠༠༢ ལོའི་བར་གྱི་ཀྲི་ཅང་ཞིང་ཆེན་གྱི་འགོ་འཛིན་གཞོན་པའི་འགན་ཁུར་བའི་རིང་གི་ལས་བྲེལ་ཁྲོད། འབུམ་རམས་པའི་དཔྱད་རྩོམ་གྲུབ་པར་བྱས་ཡོད་པ་རེད།
གནས་ཚུལ་དེའི་ནང་དུ་མཁས་པ་ཁ་ཤས་ཀྱིས། ཀྲི་ཅང་ཞིང་ཆེན་གྱི་ལས་དོན་དང་དམར་ཤོག་གི་ལས་ཀ་ཧ་ཅང་ལྗིད་མོ་ཡིན་ཞིང་། གལ་སྲིད་ཞི་ཅིན་ཕིང་གིས་མཚན་མོའི་གཉིད་བཅག་ཉིན་མོའི་ཟས་བཅད་ནས་ཉིན་མཚན་ཁ་སྦྲེལ་ཀྱང་འབུམ་རམས་པའི་དཔྱད་རྩོམ་བྲིས་ཚར་བའི་དུས་ཚོད་འདང་ངེས་ཤིག་མེད་པར་བརྗོད་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་གནས་ཚུལ་དེའི་ནང་དུ། ཞི་ཅིན་ཕིང་ལ་རང་རྐྱ་འཕེར་བའི་འབུམ་རམས་པའི་དཔྱད་རྩོམ་འབྲི་བའི་ནུས་པ་དང་རྩོམ་རིག་གི་ཤེས་ཚད་ཡོད་མིན་ལའང་དོགས་སློང་བྱས་ཡོད་འདུག
གནས་ཚུལ་དེའི་ནང་དུ་འཁོད་པ་ལྟར་ན། སྐབས་དེ་དང་དུས་ཐོག་གཅིག་པའི་མི་ཧ་ཅང་མང་པོ་ཞིག་དང་འདྲ་བར། མོའོ་ཙིང་ཏུང་གིས་“རིག་གནས་གསར་བརྗེ་ཆེན་མོ”་སྤེལ་སྐབས། ཞི་ཅིན་ཕིང་གིས་ཀྱང་རྒྱུན་ལྡན་ལྟར་སློབ་འབྲིང་འགྲིམ་པའི་གོ་སྐབས་བརླག་ཡོད་ཅིང་། དེའི་རྗེས་སུ་“བཟོ་ཞིང་དམག་གི་སློབ་མ་”ཡི་མིང་ཐོག་ནས་རྫས་འགྱུར་རིག་པའི་སློབ་ཐོན་བྱས་ཡོད་པ་རེད།
རིག་གསར་གྱི་དུས་སྐབས་སུ་མཐོ་རྒྱུགས་མེད་པར་བཟོས་པ་དང་། ཕྱི་ལོ་༡༩༧༡ ལོར་བསྐྱར་དུ་སློབ་གྲྭ་ཆེན་མོའི་སློབ་མ་གསར་བསྡུ་བྱས་ཡོད་ཅིང་། མོའོ་ཙེ་ཏུང་གི་བཀའ་ཁྱབ་བཞིན། གསར་ཞུགས་སློབ་མ་རྣམས་རིམ་པ་སོ་སོའི་སྲིད་གཞུང་གི་བཟོ་བ་དང་ཞིང་པ། དམག་མིའི་ཁྲོད་ནས་ཐོབ་ཆའི་སྐར་གྲངས་ཚད་ལོང་མིན་ལ་གཞིགས་ཏེ་སློབ་མ་བསྡུ་ལེན་བྱས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅིང་། གཞུང་གི་ལས་བྱེད་ཧ་ཅང་མང་པོའི་ཕྲུ་གུ་རྣམས་རིག་གསར་གྱི་སྐབས་སུ་“བཟོ་ཞིང་དམག་གི་སློབ་མར་”གྱུར་ཡོད་པ་དང་། དེར་བརྟེན་ནས་དེའི་སྐབས་ཀྱི་མི་ཧ་ཅང་མང་པོ་ཞིག་“བཟོ་ཞིང་དམག་གི་སློབ་གྲྭ་ཆེན་མོའི་སློབ་མར་”གྱུར་པ་ལྟར་ཞི་ཅིན་ཕིང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད།