ཤག་རོང་པོ་དགོན་གྱི་སྡེ་དགོན་ཚང་མ་དམག་གི་སྐོར་འདུག
ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༧ དང་༨ ཉིན་ནས་བཟུང་ཤག་རོང་པོ་དགོན་པ་ལ་དམག་མི་འབོར་ཆེན་བཀྲམ་ཡོད་པ་མ་ཚད། ཉེ་འགྲམ་གྱི་ཤོ་ར་ནང་དུ་དམག་སྒར་ཞིག་རྒྱབ་ནས་ཡར་མར་འགྲོ་མཁན་མང་ཚོགས་ལ་གང་བྱུང་གིས་སྔོག་གཤེར་བྱེད་ཅིང་ཧ་ཅང་གིས་སུན་ཙེར་ཆེན་པོ་བཟོ་བཞིན་ཡོད་འདུག
སྟར་ཆེན་ཤང་གི་གྲོང་ཚོ་རེ་རེའི་ནང་དུ། རང་སྐྱོང་ལྗོངས་དང་།ནག་ཆུ་ཁུལ་དང་། རྫོང་། ས་གནས་བཅས་ཀྱི་སྲིད་གཞུང་གི་ལས་བྱེད་མི་སྣ་སུམ་ཅུ་ཙམ་རེ་བཀྲམས་ཡོད་པའི་གནས་ཚུལ་འདུག དེ་བཞིན་དགོན་པའི་ནང་དུ་དམག་མི་མང་པོ་བཞག་ནས་སྡེ་དགོན་ཚང་མ་ཧ་ཅང་ཛ་དྲག་ངང་གནས་ཡོད་འདུག དེ་བཞིན་མང་ཚོགས་ཀྱི་ཁ་པར་དེ་ཚོ་ཡང་རྒྱ་གཞུང་གི་ལྐོག་ཉན་བྱེད་ཀྱི་ཡོད་སྐོར་འདུག་པ་མ་ཟད། ཡར་མ་འགྲོ་མཁན་གྱི་མི་མང་གི་ཁ་པར་སོགས་ལ་ཞིབ་གཤེར་ནན་པོ་བྱེད་བཞིན་པ་རེད་འདུག
དགོན་པ་བཅའ་སྡོད་རུ་ཁག་གི་ཁང་པའི་ནང་དུ་ནག་ཆུ་ཁུལ་དང་། རྫོང་རིམ་པ། ས་གནས་ཀྱི་ལས་བྱེད། བཅའ་སྡོད་ལས་བྱེད་མི་སྣ་མང་པོ་སླེབས་ནས་ཚོགས་འདུ་མང་པོ་འཚོག་གི་ཡོད་འདུག་ཀྱང་། ད་ལྟའི་ཆར་ཚོཊ་འདུ་དེ་དག་གི་འཇུག་འབྲས་ག་འདྲ་ཡིན་མིན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཤག་རོང་པོ་དགོན་པར་གནས་ཚུལ་དེའི་བྱུང་རྐྱེན་ནི་ཕྱི་ལོ་༢༠༡༠ ཟླ་༥ ཚེས་༢༠ ཉིན་གྱི་དོན་རྐྱེན་ཞེས་པའི་མིང་འདོགས་འོག དགོན་དེའི་བླ་མ་ཟླ་བ་རིན་པོ་ཆེར་༧རོང་པོ་ཆོས་རྗེའི་ཡང་སྲིད་སྐོར་ལ་༧གོང་ས་མཆོག་དང་འབྲེལ་བ་ཡོད་སྐོར་གྱི་ཉེས་འཛུགས་དང་། དགོན་པར་དྲག་གནོན་བྱས་རྐྱེན་དགེ་འདུན་པ་རྒན་པ་ཞིག་གི་རང་སྲོག་གཏོང་བ་མ་ཟད། དགོན་དེའི་འགན་ཁུར་མི་སྣ་འཛིན་བཟུང་བྱས་རྐྱེན་གནས་ཚུལ་དེ་ལྷག་པ་རེད།
དེ་བཞིན་༢༠༡༣ ཟླ་༧ ཚེས་༣༠ ཉིན་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་སྒོ་རྒྱབ་དགོས་བྱུང་ཡོད་པ་དང་། གྲྭ་བ་རྣམས་དགོན་པ་དང་ཁ་བྲལ་ནས་ད་ལྟ་དགོན་པ་སྟོང་པ་ཆགས་ཡོད་འདུག།