རྒྱ་གར་གྱི་མཚོ་འོག་གྲུ་གཟིངས་ཤིག་ལ་མེ་སྐྱོན་ཤོར་བ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་མམ་བྷེ་རུ་མཚོ་དམག་གི་མཚོ་འོག་གྲུ་གཟིངས་ཤིག་ལ་འབར་གས་ཤུགས་ཆེན་བྱུང་སྟེ། ཉུང་མཐའ་ཡང་མི་༡༨ ཙམ་ཉེན་ཁའི་འོག་ཏུ་ཚུད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་མཚན་ཕྱེད་ཡོལ་ཙམ་ལ། རྒྱ་གར་གྱི་(INS Sindhurakshak ) རྟགས་ཅན་གྱི་མཚོ་འོག་གྲུ་གཟིངས་ཤིག་ལ་མེ་སྐྱོན་ཤོར་ཏེ་འབར་གས་དོན་རྐྱེན་བྱུང་ཡོད་པ་དང་། གྲུ་པ་དང་གྲུ་གཟིངས་ཀྱི་ལས་མི་མང་པོ་ཞིག་ཆུར་མཆོངས་ཏེ་སྲོག་ཉེན་ལས་ཐར་ཡོད་ཀྱང་། ད་དུང་མི་ཁ་ཤས་ཤིག་གྲུ་གཟིངས་ནང་དུ་ལུས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

རྨས་སྐྱོན་ཕོག་པའི་གྲུ་བ་རྣམས་ལམ་སེང་ཀོ་ལ་བྷ་མཚོ་དམག་སྨན་ཁང་(INHS Ashvini ) ཞེས་པའི་ནང་དུ་བསྐྱལ་ཡོད་པ་དང་། ད་ལྟའི་ཆར་ཤི་རྨས་ཀྱི་གྲངས་ཀ་ཁ་གསལ་བྱུང་མེད་པ་རེད་ལ། མེ་སྐྱོན་ཤོར་བ་དང་འབར་གས་བྱུང་བའི་རྒྱུ་རྐྱེན་གང་ཡིན་དང་། དེ་བཞིན་མཚོ་འོག་གྲུ་གཟིངས་ལ་གནོད་སྐྱོན་ཅི་ཙམ་བྱུང་ཡོད་མིན་གྱི་གནས་ཚུལ་ཁ་གསལ་ཅི་ཡང་ཤེས་རྟོགས་མེད་པ་རེད།

དོན་རྐྱེན་དེ་བྱུང་བའི་རྗེས་མམ་བྷེ་མེ་གསོད་རུ་ཁག་གིས་མེ་གསོད་རླངས་འཁོར་༡༦ ཙམ་ཆེད་གཏོང་གིས། མཚོ་དམག་མེ་གསོད་རུ་ཁག་ལ་མེ་གསོད་རོགས་སྐྱོར་བྱེད་བཞིན་པ་དང་། གྲོང་ཁྱེར་མམ་བྷེ་ཡི་ལྷོ་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ནས་དུ་བ་ལང་ལོང་དུ་འཕྱུར་བཞིན་པ་མཐོང་ཐུབ་ཀྱི་ཡོད་པ་རེད།