རྫ་སྟོད་མི་མང་ལ་དྲག་གནོན།
ཉིན་ཤས་སྔོན་ནས་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་པས་ས་གནས་མི་མང་ཚོར་སུན་གཙེར་ཤུགས་ཆེན་བཟོས་ཡོད་པ་དང་། ཕྱི་ཚེས་༡༦ ཉིན་སྐྱར་དུ་རྒྱ་གཞུང་གི་དམག་མིས་བོད་མི་ཚོར་མེ་མདའི་རྩེ་གྲི་བཙུགས་པ་དང་དུག་རླངས་བཏང་བ་སོགས་ཀྱིས་དྲག་གནོན་ཚད་ལས་བརྒལ་བ་བྱས་ཡོད་པ་རེད།
དེ་ཡང་ཉིན་ཤས་གོང་ནས་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་པ་མང་པོ་ཞིག་འབྱོེར་ཏེ། ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་སོགས་ཀྱི་ས་གནས་མང་ཚོགས་ལ་སུན་གཙེར་ཤུགས་ཆེན་བཟོས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡༦ ཉིན་བསྐྱར་དུ་རྫ་སྟོད་སྲིད་གཞུང་གིས་གཏེར་རྐོ་རུ་ཁག་ལ་རྒྱབ་སྐྱོར་བྱས་ནས་དམག་མི་རླངས་འཁོར་༦༠ བཏང་འདུག་པའི་ནང་ནས། རླངས་འཁོར་༡༥ ཨ་སྟོད་ཕྱོགས་ལ་བཏང་ཡོད་འདུག་པ་དང་། འཕྲོས་རླངས་འཁོར་༤༥ སྤྱི་རྫ་དང་། རྫ་ཆེན་གཉིས་ཀྱི་ཕྱོགས་ལ་བཏང་སྟེ། རྫ་ཆེན་ལ་འབྱོར་བའི་དམག་མི་རྣམས་ཀྱིས་ས་གནས་བོད་མི་ཚོར་མེ་མདའི་རྩེ་གྲི་དང་མེ་མདའི་སྒུམ་ཤིང་་བརྒྱབ་པར་བརྟེན་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་ཁྱེར་ཡོད་པའི་གནས་ཚུལ་འདུག
དེ་བཞིན་ཨ་སྟོད་དུ་ཡོད་པའི་དམག་མི་ཚོས་མེ་མདའ་གནམ་མདའ་བརྒྱབ་པ་དང་དུག་རླངས་བཏང་བ་སོགས་ཀྱིས་དྲག་གནོན་མི་སྤྱོད་ལས་འདས་པ་བྱས་ཏེ། མི་༡༤ ཙམ་ལ་
མེ་མདའི་རྩེ་གྲི་བཙུགས་པ་དང་མེ་མདའི་སྒུམ་ཤིང་མགོ་ལ་རྒྱབ་སྟེ་སྨན་ཁང་དུ་ཁྱེར་ཡོད་འདུག་པ་དང་། ཚེས་༡༦ ཉིན་བསྐྱར་དུ་ཨག་སྟོད་ལ་དམག་མི་ཁ་སྣོན་བྱས་ནས་ཁྱོན་དམག་མི་ལྔ་བརྒྱ་ཙམ་གྱིས་ས་གནས་མི་མང་ལ་དྲག་གནོན་དང་། བོད་མི་ཕོ་མོ་༨ འཛིན་བཟུང་བྱས་ཡོད་འདུག་ལ། གཞན་ཡང་ཉིན་དེར་ལོ་མང་རིང་ཁོར་ཡུག་སྲུང་སྐྱོབ་ཐོག་གཙོ་འགན་ཁུར་མཁན་བོད་མི་ཁེ་ཚའི་བསོད་རྡོ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་པ་དང་། རྒྱ་མི་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་གྱི་ནུས་པ་མ་ཐོན་པར་བརྟེན་དཔའ་བོ་སོག་པོ་ཨ་འགྲུབ་ཀྱིས་རང་སྲོག་གཅོད་རྩིས་ཀྱིས་རང་ལ་གྲི་བརྒྱབ་ནས་རྒྱུ་མ་ས་ལ་དྲུད་ཡོད་པ་དང་། དཔའ་བོ་ཁོང་དམག་མིས་སྨན་ཁང་དུ་ཁྱེར་རྗེས་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཡང་རྫ་སྟོད་རྫོང་གིས་ཨ་སྟོད་ཕྱོགས་ལ་དམག་མི་ལྔ་བརྒྱ་ལྷག་ཙམ་བཏང་སྟེ། ས་གནས་ཡུལ་མི་མང་པོ་ཞིག་ལ་མེ་མདའ་བརྒྱབ་པར་བརྟེན་ཛ་དྲག་ངང་སྨན་ཁང་དུ་ཁུར་ཡོད་འདུག