རྒྱ་གཞུང་གིས་སྒྲོལ་མ་སྐྱབས་ལ་སྲོག་ཁྲིམས་བཅད་པ།

རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་མཁན་དཀོན་མཆོག་དབང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་ཕྱི་ཟླ་༨ ཚེས་༡༥ ཉིན་རྒྱ་ནག་གཞུང་གིས་སྲོག་ཁྲིམས་བཅད་ཡོད་འདུག

དེ་ཡང་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་ལ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་དཀོན་མཆོག་དབང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་འཛིན་བཟུང་གིས་ད་བར་བཀག་ཉར་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། སྒྲོལ་མ་སྐྱབས་ལ་ཆེད་དུ་མི་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་དང་། ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་སྐོར་ཁྱབ་བསྒྲགས་བྱས་འདུག

ད་དུང་ཉིན་དེའི་གནས་ཚུལ་ཁྱབ་བསྒྲགས་སྐབས། རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རང་ལོ་ ༣༣ ཡིན་པའི་སྒྲོལ་མ་སྐྱབས་ཀྱིས་ཆང་རག་བཏུང་རྗེས། རང་ལོ་ ༢༩ ཡིན་པའི་ཁོང་གི་བཟའ་ཟླ་དཀོན་མཆོག་དབང་མོ་དང་འཁོན་འཛིང་ཤོར་ཏེ་སྒྲོལ་མ་སྐྱབས་ཀྱིས་སྐེ་དཀྲིས་ཀྱིས་ཆུང་མའི་སྐེ་བསྡམས་ནས་བསད་རྗེས། ཕུང་པོ་མེར་སྲེག་བཏང་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད། སྐབས་དེར་སྒྲོལ་མ་སྐྱབས་ཀྱིས། ཁོང་གིས་ཐེངས་འདིའི་དྲང་བདེན་མིན་པའི་ཁྲིམས་ཆད་དེ་སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་༣༠ ཡིན་པའི་རྒྱལ་གཅེས་པ་དཀོན་མཆོག་དབང་མོས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མ་ཐག་མཛོད་དགེ་རྫོང་གི་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༤ ཉིན་ཉེན་རྟོག་པས་ཁོང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ཉེན་རྟོག་ཁང་དུ་སྐད་བཏང་སྟེ་རུས་ཐལ་ཞིག་རྩིས་སྤྲོད་དང་། ཆུང་མ་དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་གྲ་ཡིན་པའི་ཁས་ལེན་བྱེད་དགོས་པའི་བཙན་བཀའ་བཏང་འདུག འོན་ཀྱང་སྒྲོལ་མ་སྐྱབས་ ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་སྟབས། སྐབས་དེ་ནས་བཟུང་ཉེན་རྟོག་པས་ཁོང་མཛོད་དགེ་རྫོང་དུ་བཀག་ཉར་བྱས་ཡོད་འདུག

སྒྲོལ་མ་སྐྱབས་ཀྱི་སྐྱེས་ཡུལ་སི་ཁྲོན་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་པ་ཡིན་པ་དང་། ཁོང་དང་རྒྱལ་གཅེས་པ་དཀོན་མཆོག་དབང་མོ་གཉིས་ལ་རང་ལོ་༨ ཙམ་གྱི་བུ་མོ་ཞིག་ཡོད་འདུག