བོད་མིའི་མཉམ་འབྲེལ་གྱི་ཚོགས་ཆེན་ཐེངས་བཅུ་གསུམ་པ།
ཕྱི་ཟླ་༨ ཚེས་༢༠ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༣ པ་དེ་འགོ་འཛུགས་ཞུས་ཡོད་པ་དང་། ཚོགས་ཆེན་དབུ་འཛུགས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ མཉམ་འབྲེལ་ཚོས་ལག་ལེན་བསྟར་བཞིན་པའི་ལས་དོན་གང་འདྲ་ཞིག་ཡིན་ནའང་།
ལག་ལེན་མ་བསྟར་གོང་ལ་ཞིབ་འཇུག་ཡང་དག་པ་ཞིག་བྱས་ནས་ལས་དོན་གང་བྱས་ཀྱང་། ལོ་ལྟར་གཅིག་པ་གཅིག་རྐྱང་འདྲ་པོ་མ་ཡིན་པའི་ཐོག་ནས་གསར་གཏོད་དང་། རྒྱུན་ལྡན་གྱི་ལས་ཀ་བྱེད་ཕྱོགས་དེ་ཚོ་བྱེད་ཕྱོགས་མ་འདྲ་བའི་ཐོག་ནས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་པ་དང་། བོད་མིའི་མཉམ་འབྲེལ་ཁག་ནི་ཕྱི་ལོ་༡༩༦༡ ལོར་ཐོག་མར་དྷ་རམ་ས་ལ་ནས་གསར་འཛུགས་བྱས་པ་དང་། རིམ་བཞིན་རྒྱ་གར་གྱི་ས་གནས་ཁག་གི་བོད་མིའི་གཞིས་ཆགས་ཁག་ཏུ་མཉམ་འབྲེལ་ཁག་གསར་འཛུགས་བྱས་ཏེ། ད་ལྟ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༥ ནང་རྒྱ་གར་གཞུང་གི་ཁྲིམས་ལུགས་དང་མཐུན་པའི་དེབ་སྐྱེལ་བྱས་པའི་མཉམ་འབྲེལ་ཁག་༡༥ གཞི་རྐང་བརྟན་པོ་ཚུགས་ཟིན་ཡོད་པ་རེད་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ཀྱིས་ཚོགས་ཆེན་ཐོག་བོད་མིའི་མཉམ་འབྲེལ་ཁག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་དོན། “སྔར་དང་བསྡུར་ན་བརྒྱ་ཆ་གང་ཙམ་ཡར་རྒྱས་ཚགས་ཚུད་བྱུང་དང་འབྱུང་བཞིན་ཡིན་པ་མ་ཟད་ཁྲིམས་སྒྲིག་དང་མཐུན་པ་བྱུང་ཡོད་ཅེས་ཞུ་ཆོག་པ་ཡོད། དཔེར་ན་ཕྱི་ལོ་༢༠༠༤ སྔོན་བོད་མིའི་མཉམ་འབྲེལ་བཅོ་ལྔའི་རང་གཞུང་རྩིས་ཞིབ་ནང་གསལ་ལྟར་ན། མཉམ་འབྲེལ་༡༠ གྱོང་གུན་ནང་འགྲོ་བཞིན་པ་དང་མཉམ་འབྲེལ་གཞན་ལྔ་པོ་ཡང་གཙང་ཁེ་ཕྲན་བུ་ལས་མེད་པ་མ་ཟད། ལྷག་པར་དུ་ཤས་བདག་མི་མང་ལ་མཉམ་འབྲེལ་ནས་སོན་ལུད་མཁོ་སྒྲུབ་འགྲེམས་སྤེལ་ཞུ་ཐུབ་པ་ཙམ་ལས་གཞུང་གི་དགོངས་བཞེས་ལྟར། གཞི་རྒྱ་ཆེ་བའི་ཞབས་འདེགས་ཞུས་པའི་ལོ་རྒྱུས་ནི་དེ་ལས་ཀྱང་ཞུ་རྒྱུ་མ་མངོན། མཉམ་འབྲེལ་གྱི་ལས་བྱེད་རྣམས་ཀྱི་གསོལ་ཕོགས་དང་གཞན་ཡང་མཐུན་རྐྱེན་ཞན་པའི་དབང་གིས་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་ལས་བྱེད་ཀྱང་རེ་གཉིས་ཙམ་ལས་མི་འདུག མཉམ་འབྲེལ་མང་པོ་ཞིག་བུན་ནག་གི་ནང་དུ་འཐིམས་ནས་ཡར་ལངས་མ་ཐུབ་པ་ཡང་འདུག མཉམ་འབྲེལ་གྱི་འཛིན་སྐྱོང་ལམ་ལུགས་འདི་འགྱུར་བ་བཏང་ནས་བཟུང་མཉམ་འབྲེལ་རང་ཉིད་ཀྱང་འཚོ་གནས་ཐུབ་པའི་ཁེ་བབ་ཉུང་མཐའ་ནས་སྒྲུབ་བཞིན་པ་མ་ཟད། མཉམ་འབྲེལ་གང་འཚམས་ཀྱིས་ཤས་བདག་མི་མང་ལ་གཙང་ཁེ་བརྒྱ་ཆ་༣༠ ནས་༧༠ ཙམ་བགོ་སྤྲོད་ཞུ་བཞིན་ཡོད། ལྷོ་གཞིས་ཁག་ལྔའི་མཉམ་འབྲེལ་ནས་མངའ་གཞུང་བརྒྱུད་ཡུལ་མིའི་ཞིང་པ་སྤྱི་མཚུངས་གཞུང་གི་རོགས་རམ་དང་གུན་གསབ་སོགས་ཞུ་ལེན་ཐུབ་ནས་ཤས་བདག་མི་མང་ལ་ད་ཕན་སྒོར་ས་ཡ་༣༠ ཡས་མས་ཤིག་བགོ་སྤྲོད་དངོས་སུ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༣ དང་༢༠༡༤ ནང་གུན་གསབ་ས་ཡ་ ༣༨ ཙམ་ཐོབ་པའི་རྩིས་ཁྲ་ངོས་བཞེས་གནང་ཟིན་ཡོད་། ”ཅེས་གསུངས་སོང་།
ཚོགས་གཙོས་མུ་མཐུད་དུ་མཉམ་འབྲེལ་གྱི་ལས་བྱེད་ཀྱི་ཕོགས་ཐོབ་དང་ལས་བྱེད་པའི་ཤེས་ཡོན་ཡར་རྒྱས་བཏང་ཡོད་སྐོར་གསུངས་དོན། “འདས་པའི་ལོ་༩ ནང་མཉམ་འབྲེལ་གྱི་ལས་བྱེད་རྣམས་ལ་གསོལ་ཕོགས་དང་མཐུན་རྐྱེན་མཐོ་ཚད་བརྒྱ་ཆ་ ༥༠༠ རྒལ་བ་དང་དམའ་ཚད་བརྒྱ་ཆ་༡༠༠ ལས་མ་ཉུང་བ་ལས་དོན་གཞི་རྒྱ་ཆེ་ཆུང་ལ་དཔག་པའི་སྤར་ཆ་དངོས་སུ་ཞུ་ཐུབ་པ་བྱུང་ཡོད། དེ་བཞིན་འཛིན་སྐྱོང་གིས་ལས་བྱེད་བརྒྱ་ཆ་༧༠ ལས་མ་ཉུང་བ་དེང་དུས་ཤེས་ཚད་ལྡན་པ་མཉམ་འབྲེལ་ནང་འཛུལ་ཞུགས་ཐུབ་པ་བྱུང་ཡོད་ཅེས་ཞུ་འདོད་བྱུང་། དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་ཀྱང་མངོན་གསལ་དོད་པོའི་ངོས་ནས་དམིགས་ཚད་ལྟར་ལེགས་འགྲུབ་གང་ལེགས་ཡོད་ལ། རིམ་བཞིན་སྤྱི་ཚོགས་ལ་ཕན་ཐོགས་དང་དགོས་མཁོ་ཡོད་པའི་འཆར་གཞི་གསར་པ་ཁག་གཅིག་མ་འོངས་ལོ་ཤས་ནང་འཛུགས་སྐྲུན་ལས་འཆར་གཏན་འབེབས་ཞུས་ཟིན། མཉམ་འབྲེལ་ཤས་བདག་མི་མང་གི་བདེ་རྩ་འཕྲོད་བསྟེན། ཤེས་ཡོན་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་པའི་ལས་དོན་ཆེ་འབྲིང་ཆུང་གསུམ་ཐོག་གང་ཐུབ་དབུས་དང་ས་གནས་སོ་སོ་ནས་ཀྱང་ཞུས་དང་ཞུ་བཞིན་ཡོད། མི་མང་ནས་མཉམ་འབྲེལ་ནང་ཆ་ཤས་ལེན་མཁན་ཡང་མང་དུ་ཕྱིན་ཡོད། འོན་ཀྱང་ས་གནས་མཉམ་འབྲེལ་ཁག་གཅིག་གཉིས་ནང་ཡར་རྒྱས་དེ་ཙམ་གཏོང་ཐུབ་པའི་རེ་བ་དང་དམིགས་ཡུལ་མི་འདུག གང་ལ་ཞུས་ན་ས་གནས་སུ་རྒྱུན་གནས་མི་འབོར་མེད་པས། ལས་གཞི་དམིགས་བསལ་བྱ་ཡུལ་མེད་པའི་རྐྱེན་གྱིས་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གོ་སྐབས་ཞན་ཆ་ཡོང་བཞིན་ཡིན། འོན་ཀྱང་འཚོ་གནས་ཐུབ་ཙམ་ལགས། ”ཞེས་འགྲེལ་བརྗོད་གནང་སོང་།
ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཚོགས་ཆེན་ཐོག་མཉམ་འབྲེལ་སྐོར་གསུང་བཤད་གནང་དོན། “སྤྱི་ཁྱབ་འགན་འཛིན་དང་སྤྱི་ཁྱབ་ཚོགས་གཙོའི་གསུང་བཤད་ཀྱི་ནང་ལ་ང་རང་འདོད་པ་ཚིམས་པ་འདྲ་པོ་དོན་དག་ཁ་ཤས་གོ་སོང། མི་མང་གི་དངུལ་བཅོལ་མ་བསློགས་པའི་གྱོང་བྱུང་ཡོད་པ་མ་རེད་གསུངས་སོང་། དེ་ཞེ་དྲག་ཡག་པོ་རེད། དངུལ་བཅོལ་མ་སློག་པའི་གྱོང་མེད་པའི་ཐོག་ལ་དངུལ་བཅོལ་བ་དེ་ཁེ་བཟང་ཞིག་གི་དོན་དག་ལ་བཅོལ་བ་རེད་མ་གཏོགས། གནས་སྐབས་ཤིག་ལ་དངུལ་ཉར་རོགས་གྱིས། རྗེས་མ་དེ་ག་རང་མར་གནང་རོགས་གྱིས་ཟེར་བའི་དོན་དག་ལ་བཅོལ་བ་མ་རེད་པཱ། བྱས་ཙང་ལོ་རེ་ལོ་རེ་བྱས་ནས་དེའི་ཐོག་ལ་ཁེ་བཟང་ག་རེ་ཡོད་པ་དེ་མི་མང་ལ་མར་བགོ་བཤའ་རྒྱག་ཐུབ་པ་དེ་ཡིན་གཅིག་མིན་གཉིས་གནང་དགོས་རེད་བསམ་གྱི་འདུག ཁེ་བཟང་བགོ་བཤའ་རྒྱག་མ་ཐུབ་པ་ཡིན་ན། བཅོལ་བཞག་པ་དེ་སུ་ཞིག་ཡིན་ནའང་ནམ་ཞིག་ལ་མར་སྤྲོད་ཀྱི་རེད་མ་གཏོགས། རྗེས་སུ་དེ་ཟ་འགྲོ་མཁན་ཞིག་ཡོད་པ་མ་རེད་པཱ། དེ་སྤྲོད་མ་ཐུབ་པ་ཡིན་ན་ཁ་བསླུས་བརྒྱབ་བཞག་པ་འདྲ་པོ་རེད་པཱ། དེ་ཡིན་དུས་མི་མང་གིས་མ་རྩ་བཞག་པ་དེའི་ཐོག་ལ་ཆེ་ཆུང་ལ་མ་ལྟོས་པར་ལོ་རེ་བཞིན་དུ་ཁེ་ཕན་བགོ་བཤའ་རྒྱག་ཐུབ་པ་ཞིག་བྱུང་པ་ཡིན་ན། དེ་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག” ཅེས་གསུངས་སོང་།
རིན་པོ་ཆེས་མུ་མཐུད་དུ་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་གསུངས་དོན། “མཉམ་འབྲེལ་གྱི་ལྟ་གྲུབ་དང། མཉམ་འབྲེལ་གྱི་ལས་དོན་འདིའི་ཐོག་ནས་ས་གནས་རང་གི་ནང་ལ་ལས་ཀ་བྱེད་རྒྱུའི་རྣམ་གྲངས་ག་རེ་ག་རེ་ཡོད་པ། དབུས་དང་མངའ་སྡེ་གཞུང་ནས་རོགས་སྐྱོར་དང་ཁེ་ཕན་ལེན་རྒྱུའི་ཆ་རྐྱེན་ག་རེ་ག་རེ་ཡོད་པ། ལྷག་པར་དུ་མཉམ་འབྲེལ་ཚོས་ལག་ལེན་བསྟར་བཞིན་པའི་འདུ་འགོད་དང་ཚོང་སྒོ་དེ་ཚོ། ལག་ལེན་མ་བསྟར་གོང་ལ་ཞིབ་འཇུག་ཡང་དག་པ་ཞིག་བྱས་ནས་ཚུར་ཉོས་ནས་ཕར་བཙོང་རྒྱུའི་བཟོ་འདྲ་པོ་ཞིག་ཡིན་ན། ཁྲོམ་རྭ་བརྟན་མིན། དུས་ཚོད་ཀྱི་ཁྱད་པར། དུས་ཚོད་ག་འདྲ་ཞིག་གི་ཐོག་ལ་ཚུར་ཉོས་པ་ཡིན་ན། དུས་ཚོད་ག་འདྲ་ཞིག་གི་ཐོག་ལ་གོང་ཡག་པོ་རག་གི་ཡོད་པ། དེ་ལ་ཡང་ངེས་པ་ཡོད་དང་མེད། ཡང་ལོ་ལྟར་གཅིག་པ་གཅིག་རྐྱང་འདྲ་པོ་མ་ཡིན་པའི་ཐོག་ནས་གསར་གཏོད་དང། ཡང་རྒྱུན་ལྡན་གྱི་ལས་ཀ་བྱེད་ཕྱོགས་དེ་ཚོ་ཕྲན་བུ་བྱེད་ཕྱོགས་མ་འདྲ་པ་འདྲ་པོ་ག་རེ་ག་རེ་བྱེད་རྒྱུ་ཡོད་རེད། དེ་ཚོའི་ཐོག་ལ་གློ་བ་ཡངས་པོ་ཞིག་གི་ཐོག་ནས་ཞིབ་འཇུག་གནང་དགོས་པ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།
གཞན་ཡང་རིན་པོ་ཆེས་འདས་པའི་བཙན་བྱོལ་བོད་མིའི་མཉམ་འབྲེལ་གྱི་བྱུང་རབས་ནང་གྱོང་གུད་མང་པོ་བྱུང་མྱོང་ཡོད་པའི་གནས་བབས་ལ་ཞིབ་འཇུག་བྱས་ན། མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་ཕན་ཡོད་སྐོར་གསུངས་དོན། “ང་ཚོ་བོད་པའི་མཉམ་འབྲེལ་དེ་དག་མང་ཆེ་བ་གྱོང་གུན་ནང་ལ་ཕྱིན། སྦོ་ལུག་གྲབས་བྱས་ནས་༨༠ གྱ་གྲངས་ནང་ལ་བཙན་བྱོལ་གཞུང་གི་ངོས་ནས་བསྐྱར་དུ་དེ་ཚོའི་ཐོག་ལ་དཔལ་འབྱོར་རང་གི་མཐུན་རྐྱེན་ཐད་གར་སྦྱར་ནས་སློང་དགོས་པ་དེ་འདྲ་ཡང་མང་པོ་བྱུང་བ་རེད། དེ་ག་རེ་བྱས་ནས་ཆགས་པ་རེད་ཞིབ་ཚགས་པོ་བྱས་ནས་ཉམས་ཞིབ་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་མཉམ་འབྲེལ་དང་ལྷག་པར་སོ་ནམས་ཀྱི་མཉམ་འབྲེལ། དེ་ཙམ་དུ་མ་ཟད་མཉམ་འབྲེལ་གྱི་ཐོག་ནས་དངུལ་ཁང་གི་ལས་དོན་བྱེད་རྒྱུའི་ཆ་རྐྱེན་ཡོད་པ་དེ་ཚོའི་ནང་ལ་ཧང་སང་དགོས་པའི་ཁེ་བཟང་ཆེན་པོ་མ་ཐོན་ན་ཡང་། གྱོང་ཆགས་དགོས་པའི་ཉེན་ཁ་དེ་ཉུང་ཉུང་འདྲ་པོ་ཞིག་ཡོད་རེད། ཡིན་ནའང་ང་རང་ཚོའི་འདས་པའི་བྱུང་རབས་ཀྱི་ནང་ལ་གྱོང་མང་པོ་ཞིག་ཁུར་པ་རེད། དེ་ཚོར་ཞིབ་འཇུག་བྱས་ནས་གྱོང་རག་པའི་རྒྱུ་རྐྱེན་གཙོ་བོ་འདྲ་པོ་ག་རེ་ཡིན་པ་ངོས་ཟིན་པ་བྱུང་པ་ཡིན་ན། མ་འོངས་པ་ལ་ཏན་ཏན་ཁེ་བཟང་ཆེན་པོ་མ་རག་པ་ཡིན་ནའང་གྱོང་མ་རག་པའི་ཐོག་ནས་འགྲོ་ཐུབ་པའི་གནས་བབས་ཤིག་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག ང་རང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་ཆོས་ལྡན་གྱི་ཞིང་གི་བྱིན་རླབས་དང་། ༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་ནུས་པ་ལ་བརྟེན་ནས་གཞན་དང་མ་འདྲ་བའི་ཁྱད་ཆོས་འདྲ་པོ་ཁ་ཤས་ཤིག་ཡོད་རེད། དེའི་ནང་ནས་གཙོ་ཆེ་ཤོས་དེ་ཡ་རབས་བཟང་སྤྱོད་དེ་རེད། ཡ་རབས་བཟང་སྤྱོད་ང་ཚོའི་སྲོལ་རྒྱུན་ནང་ལ་ཡོད་པའི་དབང་གིས་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་ལྐོག་ཟ་རུལ་སུངས་བྱེད་མཁན་དེ་དཀོན་པོ་འདྲ་པོ་ཞིག་རེད། སྔོན་མ་ཡིན་ན་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་ལྐོག་ཟ་རུལ་སུངས་བྱེད་མཁན་མེད་ཟེར་ནས་ལབ་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་འཛིན་སྐྱོང་ནང་ལ་བསྡད་ནས་ལོ་ཁ་ཤས་ཕྱིན་པའི་རྗེས་ལ་མེད་ཟེར་བ་དེ་ལབ་ཐུབ་ཀྱི་མི་འདུག དངོས་སུ་རང་ལྐོག་ཟ་རུལ་སུངས་བྱེད་མཁན། སྤྱི་རྒྱུ་སྒེར་ཟོས་བྱེད་མཁན་བྱུང་བསྡད་པ་རེད། ར་འཕྲོད་བསྡད་པ་རེད། ཡིན་ནའང་། ད་ལྟ་ང་ཚོས་ག་རེ་ལབ་ཀྱི་ཡོད་རེད། ཉུང་ཉུང་ཡིན་ལབ་ཀྱི་ཡོད་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་དང་། སྤྱི་རྒྱུ་སྒེར་ཟོས་བྱེད་མཁན་ཉུང་ཉུང་ཡིན་ཟེར་གྱི་ཡོད་རེད། མེད་ཟེར་ནས་ལབ་ཐུབ་པ་ཡིན་ན་གཟི་བརྗིད་ཆེན་པོ་ཞིག་རེད།” ཅེས་གསུངས་སོང་།
ད་ཐེངས་ཀྱི་ཚོགས་ཆེན་དབུ་འཛུགས་མཛད་སྒོའི་ཐོག་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་ནས་ཡིན་པའི་རྡོ་རྗེ་དཔལ་ལྡན་ལ་༢༠༡༣ ལོའི་བོད་མིའི་ཚོང་པའི་གཟེངས་རྟགས་དང་། དྷ་ས་བོད་མིའི་མཉམ་འབྲེལ་ལོ་ངོ་༥༠ ཧྲིལ་པོའི་རིང་སྤྱི་ཚོགས་ཞབས་འདེགས་གནང་མཁན་ལྷག་པ་ལ་གཟེངས་བསྟོད་ལག་རྟགས་དང་། སྦན་ད་ར་མཉམ་དྲུང་ཟུར་པ་སྐལ་བཟང་རྒྱ་མཚོ་ལ་མཉམ་དྲུང་རྩེ་ཕུད་ཀྱི་བྱ་དགའ་བཅས་སྐུ་མགྲོན་གཙོ་བོའི་ཕྱག་ནས་གནང་ཡོད་པ་རེད། གཞན་ཡང་ཤས་བདག་མཉམ་འབྲེལ་ཚོགས་མིའི་ཕྲུ་གུ་༡༠ མཉམ་འབྲེལ་སློབ་ཡོན་ལ་རྒྱན་འཕངས་ཡོད་པ་རེད་ལ། ད་དུང་“མཉམ་འབྲེལ་གསར་ཕྲིན་”ཞེས་པའི་ལོ་རེའི་བོད་ཡིག་ཚགས་པར་ཞིག་ཀྱང་སྒོ་འབྱེད་བྱས་སོང་།
ཚོགས་ཆེན་འདི་ནི་ཟླ་འདིའི་ཚེས་ ༢༠ ནས་༢༢ བར་འཚོགས་རྒྱུ་ཡིན་པ་དང། ཚོགས་ཐོག་ཏུ་མཉམ་འབྲེལ་ཁག་༡༥ སོ་སོའི་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་དང་འབྲེལ། ཕན་ཚུན་དྲི་བ་དྲིས་ལན། དེ་བཞིན་མཉམ་འབྲེལ་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གྲོས་བསྡུར་ཡང་བྱ་རྒྱུ་ཡིན་འདུག །
མེ་སོར་གསར་འགོད་པས།