༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར།
ཐེངས་འདིར་༧་གོང་ས་མཆོག་བདུན་ཕྲག་གསུམ་ལྷག་གི་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་ཡོད་པ་དང་། དེ་རིང་ཞོགས་པར་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཁུལ་དེར་གནས་སྡོད་བོད་རིགས་དང་ལ་དྭགས་པ་སོགས། དད་ལྡན་སྟོང་ཕྲག་འགའ་ཤས་ལ་སྒྲོལ་དཀར་གྱི་ཚེ་དབང་དང་བདེན་པ་བཞིའི་ཆོས་འབྲེལ་གནང་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་མཁའ་ལམ་བརྒྱུད་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་སོགས་ཕེབས་བསུར་བཅར་ཡོད་པ་དང་། དེ་བཞིན་ལམ་བར་གྱི་ས་ཚིགས་ཁག་ནས་དད་ལྡན་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༥ ནས་ཀོ་རི་ཡའི་ནང་པ་ཚོ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་ཚོ་དང་ས་གནས་མང་ཚོགས་ལ་ཉིན་གྲངས་༣ གྱི་རིང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་གནང་རྒྱུ་ཡིན་འདུག