འདི་ལོའི་ཞི་བདེ་རྒྱ་མཚོའི་དམག་སྦྱོང་ནང་རྒྱལ་ཁབ་༢༧ མཉམ་ཞུགས་བྱ་རྒྱུ་རེད།

80ABF1BE-BD32-46AD-A0A3-AD761A34185D_w640_r1_sཕྱི་ལོ་༢༠༡༦ ལོའི་ཞི་བདེ་རྒྱ་མཚོ་མཐའ་བསྐོར་བའི་དམག་དོན་སྦྱོང་བརྡར་ནང་ཨ་རི་དང་རྒྱ་ནག་ཚུད་པའི་རྒྱལ་ཁབ་༢༧ མཉམ་ཞུགས་བྱ་རྒྱུ་ཡིན་འདུག


ཨ་རིའི་མཚོ་དམག་གིས་དངོས་སུ་ཁྱབ་བསྒྲགས་བྱས་པ་ལྟར་ན། སྐབས་༢༥ པའི་ཞི་བདེ་རྒྱ་མཚོ་མཐའ་བསྐོར་བའི་དམག་དམག་དོན་སྦྱོང་བརྡར་(RIMPAC) འདི་ལོའི་ཟླ་༦ ཚེས་༣༠ ནས་ཟླ་༨ ཚེས་༤ བར་གླིང་ཕྲན་ཧཱ་ཝ་ཨེ་དང་། ཁེ་ལེ་ཧྥོ་ནི་ཡ་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་འཚོགས་རྒྱུ་ཡིན་ཞིང་། དེའི་ཁྲོད་ཨ་རི་དང་རྒྱ་ནག་གཙོས་པའི་རྒྱལ་ཁབ་༢༧ གྱི་མཚོ་གྲུ་༤༥ དང་། མཚོ་བྱིངས་གྲུ་གཟིངས་༥། གནམ་གྲུ་༢༠༠ དང་མི་སྣ་༢༥༠༠༠ ལྷག་ཐེངས་འདིའི་འཛམ་གླིང་སྟེང་གི་གཞི་རྒྱ་ཆེས་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཚོ་དམག་སྦྱོང་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཞི་བདེ་རྒྱ་མཚོ་མཐའ་བསྐོར་བའི་དམག་དོན་སྦྱོང་བརྡར་གྱི་འགོ་བརྗོད་ནི་“འཇོན་ནུས། བྱེད་ནུས། ཟླ་གྲོགས།”ཞེས་པ་འདུག་ལ། ཨ་རིའི་མཚོ་དམག་གྲུ་སྡེ་གསུམ་པའི་ཟླ་༥ ཚེས་༣༡ ཉིན་གྱི་གསར་འགྱུར་ནང་བརྗོད་པ་ལྟར་ན། དམག་སྦྱོང་ནང་མཉམ་ཞུགས་བྱེད་པའི་རྒྱལ་ཁབ་སོ་སོའི་དམག་དཔུང་གིས་མཚོ་ཐོག་གི་ནུས་པ་དང་གསོན་ཉམས་རང་བཞིན་སྦྱོང་བརྡར་དང་རྔམ་སྟོན་བྱ་རྒྱུ་ཡིན་འདུག ནུས་པ་དེ་དག་གི་ནང་དུ་མྱུར་སྐྱོབ་དང་མཚོ་ཐོག་གི་བདེ་འཇགས་མཉམ་འབྲེལ། རྙོག་འཛིང་གི་དམག་འཁྲུག་སོགས་ཡོད་པ་དང་། དངོས་སུ་དམག་འཐབ་སྦྱོང་བརྡར་ལས་གཞིའི་ནང་གཉིས་སྤྱོད་དམག་འཐབ། མདའ་འཕེན། མེ་ཤུགས་འཕུར་མདའ། མཚོ་བྱིངས་འགོག་རྒོལ་སོགས་བར་སྣང་འགོག་རྒོལ་སོགས་ཚུད་ཡོད་འདུག

འདི་ལོའི་དམག་སྦྱོང་ནང་མཉམ་ཞུགས་བྱེད་མཁན་དམག་དཔུང་ནི་ཨོ་སི་ཁྲུ་ལི་ཡ་དང་བྷི་རེ་ཛིལ། བྷི་རུན། ཁ་ཎ་ཌ། ཅི་ལི། ཀོ་ལོམ་བྷི་ཡ། ཌན་མག ཧྥ་རན་སི། འཇར་མན། རྒྱ་གར། ཨན་ཌོ་ནི་ཤི་ཡ། ཨེ་ཊ་ལི། ཉི་ཧོང་། མཱ་ལེ་ཞི་ཡ། མེ་སི་ཀོ། ནེ་རྡར་ལཎ་ཌི། ནོར་ཝེ། རྒྱ་ནག ཕེ་རུ། ལྷོ་ཀོ་རི་ཡ། ཧྥི་ལི་པིན། སིང་གྷ་པོ། ཐའེ་ལཎ་ཌི། ཊོན་གྷ། དབྱིན་ཡུལ། ཨ་རི་བཅས་ནས་ཡིན་པ་རེད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།