༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་དབུ་འབྱེད་གནང་།
ཟླ་འདིའི་ཚེས་༦ ཉིན་རྒྱབ་༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རབས་གནས་གནང་བ་དང་འབྲེལ། རྒྱུད་བླ་མའི་དོགས་གཅོད་བགྲོ་གླེང་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་ང་ཆུང་ཆུང་སྐབས་མཁས་མང་བློ་གསལ་གླིང་གྲྭ་ཚང་འདི་ཉིད་ལ་མཚོན་ན། གྲྭ་ཚང་ཆེན་པོ་རེད་ལ། མཁས་པ་དགེ་བཤེས་ལྷ་རམས་པ་ཧ་ཅང་མང་པོ་ཕེབས་ཡོད་པ་རེད། བཙན་བྱོལ་བ་ཆགས་ནས་མི་རབས་སྔ་མ་རྫོགས་འགྲོ་ཡི་ཡོད་པ་རེད་དེ། མི་རབས་གསར་པ་ཚོ་ཡིན་ན་ཡང་གྲྭ་ཚང་འདི་ཉིད་ལ་མཚོན་ན། ད་དུང་མཁས་པ་དཔེ་ཆ་བ་ཡག་པོ་ཡོད་མཁན་མང་པོ་ཡོང་གི་ཡོད་ས་རེད། དེ་འདྲ་ཡིན་དུས་དབང་རྟུལ་དད་པའི་རྗེས་འབྲངས་མ་ཡིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་པ་བྱེད་དགོས་ལ། ཁ་བཤད་མཁས་པ་ཙམ་མིན་པར་ལག་ལེན་དོན་འཁྱོར་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་གནང་སོང་།
དེ་ཡང་ཕྱི་ཚེས་༡ ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ། གཙོ་བོ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ས་སེར་འབྲས་དགེ་གསུམ་གཙོ་བོར་གྱུར་བའི་གདན་ས་གྲྭ་ཚང་ཁག་ཅིག་གི་དགེ་འདུན་པ་༣༣༣ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་གནང་ཡོད་པ་དང་། དེ་བཞིན་ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པ་ཙམ་གྱི་སྟེང་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་བར་ལ་ནང་པའི་ལྟ་གྲུབ་དང་དེང་དུས་ཤེས་ཡོན་བཅས་ཀྱི་ཐོག་གོ་རྟོགས་སྤེལ་རེས་ཀྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།
ཕྱི་ཚེས་༦ ཉིན་མགོན་པོ་གང་ཉིད་བོད་ལུགས་དགུང་གྲངས་༨༢ དང་ཕྱི་ལུགས་དགུང་གྲངས་༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་མཛད་སྒོ་ལ་དབུ་བཞུགས་གནང་བ་མ་ཟད། དཔལ་དཔལ་ལྡན་འབྲས་སྤུངས་བླ་སྤྱི་དགའ་ལྡན་ཕོ་བྲང་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ་ཐོག་མ་དེ་ཡིན་པ་རེད། དེ་བཞིན་ཉིན་འདིའི་ཞོགས་པ་དགེ་ལུགས་ཡོངས་ཀྱི་ངོས་ནས་དང་མོན་གྷོ་འདོད་རྒུ་གླིང་ས་གནས་སེར་སྐྱ་མི་མང་ཐུན་མོང་བཅས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་གཟེངས་རྟགས་འབུལ་བཞེས་སོགས་ཀྱི་མཛད་རིམ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།
ཐེངས་འདིའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཆིབས་བརྒྱུར་བཀའ་དྲིན་བསྐྱངས་གནང་བའི་མཛད་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་ནས་ཕྱིར་གྷོ་བ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་བཞུགས་སྒར་དྷ་རམ་ས་ལ་རུ་ཆིབས་བརྒྱུར་བསྐྱངས་ཡོད་པ་རེད།
གཞན་ཡང་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཤར་བྱང་གཉིས་ཀྱི་གྲྭ་ཚང་དང་སློབ་གྲྭ་བཅས་ཀྱི་ངོས་ནས་ཀྱང་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་སྐུའི་ཞབས་རིམ་གསོག་སྒྲུབ་དང་ཁོར་ཡུག་གཙང་བཟོ། ཤ་མེད་དཀར་སྐྱོང་གནང་དགོས་གལ་ཆེ་ལུགས་བཅས་ཀྱི་ཆེད་དུ་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་མོན་གྷོ་གཞིས་ཆགས་ནང་གི་ཟ་ཁང་ཡོངས་ཀྱི་༧གོང་ས་མཆོག་ཆིབས་བསྒྱུར་ནམ་གནང་རིང་ཤ་མེད་དཀར་སྐྱོང་འབའ་ཞིག་གཏོང་གི་ཡོད་པ་མ་ཟད། དུས་རྒྱུན་སྐུའི་བླ་གཟའ་ལྷག་དཀར་འཆར་ཅན་ལ་ཤ་མེད་གཏོང་གི་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།