འཇིགས་སྐུལ་རིང་ལུགས་པས་མི་༨༠ བསད་པ།
ཧྥ་རན་སིའི་གྲོང་ཁྱེར་ནཱི་སེ་ནང་དུ། འཇིགས་སྐུལ་རིང་ལུགས་པ་ཞིག་གིས་དོས་སྐྱེལ་སྣུམ་འཁོར་ཞིག་མི་ཚོགས་དཀྱིལ་དུ་བཏང་ནས། མི་༨༠ བསད་པ་དང་༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་ནི་ཧྥ་རན་སིའི་རྒྱལ་ཡོངས་ཉིན་མོ་ཡིན་པ་དང་། གྲོང་ཁྱེར་ནཱི་སེར་དགོང་མོར་ཤོག་སྦག་སྦར་པའི་ལྟད་མོར་མི་མང་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག སྐབས་དེར་རང་ལོ་༣༡ ཡིན་པའི་ཏུ་ནཱི་ཤཱི་ཡའི་མི་རིགས་དང་ཧྥ་རན་སིའི་མི་སེར་ཡིན་པ་ཞིག་གིས། དོས་སྐྱེལ་སྣུམ་འཁོར་ཞིག་མི་མང་གི་དཀྱིལ་དུ་མགྱོགས་ཤུགས་ཆེན་པོས་བཏང་ནས། མི་གསོད་ཁྲག་སྦྱོར་ཆེན་པོ་བྱས་ཡོད་འདུག
ཉེན་རྟོག་པས་མེ་མདའ་ཐེངས་མང་བརྒྱབ་ནས་ཁ་ལོ་བ་དེ་གསོད་ཐུབ་ཡོད་པ་དང་། སྣུམ་འཁོར་ནང་གི་ཡིག་ཆ་ཁག་ལས་ཁ་ལོ་བ་ངོ་རྟགས་ཆོད་ཐུབ་པ་བྱུང་འདུག། ད་ལྟའི་ཆར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་གཅིག་ཀྱང་དྲག་རྒོལ་དེར་འགན་ལེན་བྱེད་མཁན་བྱུང་མི་འདུག་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་དཔྱད་ཞིབ་པ་ཞིག་གིས་དྲག་རྒོལ་དེ་ནི། ཨཡེ་སེ་སེ་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཚོགས་པ་དང་ཨལ་ཁེའུ་རྡ་ཚོགས་པ་གཉིས་ཀྱི་བྱེད་ལས་དང་འདྲ་བོ་ཡོད་སྐོར་བརྗོད་འདུག
ཧྥ་རན་སིའི་སྲིད་འཛིན་ཧོ་ལྰན་ཊི་ཡིས་རྒྱལ་ཁབ་དེའི་ནང་ཛ་དྲག་གི་གནས་སྟངས་ཀྱི་ཁྲིམས་དེ་ཟླ་གསུམ་གྱི་དུས་འགྱངས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག
ཕྱི་ལོ་༢༠༡༥ ལོའི་ཟླ་༡༡ པའི་ཚེས་༡༣ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སེའི་ས་ཁུལ་ཁག་དྲུག་ལ། ཁ་ཆེ་དྲག་སྤྱོད་པའི་རང་མེད་གཞན་མེད་འབར་རྫས་ཐོགས་མཁན་བརྒྱད་ཀྱིས། ཐོག་མར་མི་མང་དཀྱིལ་དུ་མེ་མདའ་བརྒྱབ་པ་དང་རྗེས་སུ་མི་བདུན་གྱིས་འབར་རྫས་གཏོར་ནས་མི་༡༢༩ རྐྱེན་ལམ་དུ་བཏང་ཡོད་པ་རེད། དྲག་རྒོལ་དེར་ཨཡེ་སེ་སེ་ཡིས་འགན་ལེན་བྱས་ཡོད་པ་རེད།
སི་རི་ཡའི་དམག་ཁྲུག་ལ་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། སི་རི་ཡར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་དུ་དམག་མི་ཕོན་ཆེན་གཏོང་བཞིན་ཡོད་པས། ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་ནང་དུ་མི་མང་དཀྱུས་མ་བསད་ནས་དྲག་རྒོལ་བྱེད་ཀྱི་ཡོད་པས། རྒྱུ་མཚན་དེའི་རྐྱེན་པས་ཡུ་རོབ་ཀྱི་ལུང་པ་ཁ་ཤས་ནང་ཁ་ཆེ་མི་རིགས་ལ་མི་རིགས་དབྱེ་འབྱེད་ཀྱི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།