ཧོང་ཀོང་གི་སློབ་མ་བརྒྱ་ཆ་༦༠ ལས་མང་བས་རང་བཙན་ལ་རྒྱབ་སྐྱོར་ཡོད་པ།
གལ་ཏེ་མང་མོས་འོས་བསྡུ་ཞིག་བྱས་ཚེ། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བརྒྱ་ཆ་༦༡ ཀྱིས་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་ཧོང་ཀོང་རང་དབང་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ལོ་རེའི་དུས་དེབ་སྟེང། སློབ་མ་༣༨༥ ལ་བསམ་ཤོག་བསྡུ་ལེན་བྱས་ཏེ། ཐེངས་འདིའི་དུས་དེབ་ཀྱི་མིང་ “རྒྱལ་ཁམས་ཤིག་འཐོར་བ། ཧོང་ཀོང་ལ་རང་བཙན་ཐོབ་པ།” ཞེས་པ་པར་སྐྲུན་བྱས་ཡོད་འདུག དུས་དེབ་དེའི་ནང་སློབ་མ་ཚོར་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་ཆབ་སྲིད་དང་འབྲེལ་བའི་དྲི་བ་འདྲ་མིན་དྲིས་ནས། བསམ་ཤོག་བསྡུ་ལེན་གྱི་སྙན་ཐོ་བཏོན་ཡོད་པས། དེའི་ནང་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ལོ་སྔོན་མའི་བརྒྱ་ཆ་༥༤ ལས་ད་ལོར་བརྒྱ་ཆ་༦༡ ལ་འཕར་ཡོད་འདུག
བསམ་ཤོག་བསྡུ་ལེན་དེའི་ནང། གལ་ཏེ་རྒྱ་ནག་གིས་མང་མོས་འོས་བསྡུ་ལ་ངོས་ལེན་བྱས་ན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༦༥ བྱུང་འདུག་པ་དང་ལོ་སྔོན་མ་ལས་བརྒྱ་ཆ་༡ འཕར་ཡོད་འདུག དེ་བཞིན་ཧོང་ཀོང་གི་མ་འོངས་པའི་མདུན་ལམ་ཐོག་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་སྲོལ་ལ་ལོ་གཉིས་སྔོན་དང་བསྡུར་ན་རྒྱབ་སྐྱོར་བརྒྱ་ཆ་༢༥ ཡི་མར་ཆགས་འདུག ལོ་སྔོན་མར་མེད་པའི་དྲི་བ་གསར་པ་ཞིག་ལ་ཧོང་ཀོང་དེ་ཉིད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ལ་མང་གཙོ་ཐོབ་སྲིད་མིན་ཐོག་ལ། བརྒྱ་ཆ་༦༢ ཀྱིས་མང་གཙོ་ཐོབ་ཐབས་བྲལ་བ་ཡིན་པ་དང་། བརྒྱ་ཆ་༢༥ ཡིས་མང་གཙོ་ཐོབ་ཐབས་ཡོད་སྐོར་གྱི་བསམ་ཚུལ་སྤེལ་ཡོད་འདུག དེ་བཞིན་རང་བཙན་ལེན་པར་དྲག་པོའི་གྱེན་ལངས་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༣༡ ཡོད་འདུག
ཕྱི་ལོ་༢༠༡༥ ལོར་ཧོང་ཀོང་གི་སྤྱི་ཁྱབ་པས་གཙུག་ལག་སློབ་གཉེར་ཁང་གི་དུས་དེབ་དེས་ཧོང་ཀོང་གི་རང་བཙན་སྐོར་ལ་གླེང་སློང་བྱས་པར། སྐྱོན་བརྗོད་བྱས་པར་བརྟེན། ཧོང་ཀོང་ནང་དུས་དེབ་དེར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཕྱིན་ཡོད་འདུག དུས་དེབ་དེའི་ནང་ཧོང་ཀོང་མི་མང་གིས་རྒྱ་གཞུང་ལ་གྱེན་ལངས་བྱེད་དགོས་སྐོར་སོགས་བསམ་ཚུལ་སྤེལ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།