ཕྱི་ལོ་༢༠༡༦ ལོའི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་བཅུ།
ཕྱི་ལོ་༢༠༡༦ ལོའི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་བཅུ།
༡) ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་མང་གཙོ་ཡར་ཐོན་ཚོགས་པར་ཐོབ།
ཟླ་༡ པོའི་ཚེས་༡༦ ཉིན་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། རྒྱ་ནག་ལས་ལོགས་སུ་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་ཤུགས་ཆེན་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་དབྱིན་ཝེན་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས། ཐའེ་ཝན་གྱི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མར་དེ་ཆགས། གྲོས་ཚོགས་ནང་དུ་ཡང་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་མང་བ་འདེམས་ཐོན་བྱུང་ཐུབ་པ་བྱུང་བ་རེད། ཐེངས་འདིར་རྒྱ་ནག་དང་འབྲེལ་བ་ཡག་པོ་ཡོད་པའི་གོ་མིན་ཏང་ཚོགས་པར་ཕམ་ཁ་ཤུགས་ཆེན་བྱུང་བ་དང་སྦྲགས། ཚའེ་དབྱིང་ཝན་གྱིས་རྒྱལ་ཁབ་གཅིག་ལ་སྲིད་ཇུས་གཉིས་ཀྱི་ཐོག་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་མ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་དང་འབྲེལ་ལམ་བྱེད་པའི་བརྒྱུད་ལམ་བཀག་འགོག་བྱས་ཡོད་པ་རེད།
༢) པཱ་ན་མའི་ཡིག་ཆ་ལས་དངུལ་ནག་པོའི་གསང་བ་ཕྱིར་ཤོར།
ཟླ་༤ པའི་ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རྟོག་ཞིབ་ཚོགས་པས་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་པཱ་ན་མའི་ཚོང་ལས་ཁང་མཱོ་སེག་ཞེས་པ་ནས། གསང་བའི་ཡིག་ཆ་ས་ཡ་༡༡༥ ཙམ་ཐོབ་པར་ཕྱིར་བསྒྲགས་བྱས་པའི་ནང་། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཚོང་པ། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་དང་། ལུས་རྩལ་བ་སོགས་ཀྱིས་དངུལ་སྒོར་ཐེར་འབུམ་མང་པོ་ཁྲིམས་འགལ་ཐོག་ཕྱིར་འདྲེན་ནང་གཏོང་བྱས་པའི་གནས་ཚུལ་བྱུང་།
གནས་ཚུལ་དེ་ཐོན་རྗེས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡིག་ཆ་དེ་དག་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྤུན་མཆེད་འགའ་གཙོས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་འགའ་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སོགས་ཚུད་ཡོད་པས་གླེང་རྙོག་ཆེན་པོ་བྱུང་ཡོད་པ་རེད།
༣) དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན།
ཟླ་༦ པའི་ཚེས་༢༣ ཉིན་དབྱིན་ཡུལ་མི་མང་གིས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་མིན་ཐད་འོས་ཤོག་འཕངས་པ་དང་། བརྒྱ་ཆ་༥༢ ཀྱིས་ཕྱིར་འཐེན་ལ་རྒྱབ་སྐྱོར་བྱས་ནས་མང་མོས་བྱུང་། དེ་ལ་བརྟེན་ནས་དབྱིན་ཇིའི་སྒོར་མོའི་འཛའ་མར་ཆགས་ཡོད་ཁར། སྲིད་བློན་ཁེ་མུ་རོན་གྱིས་དེ་སྔོན་ནས་ཕྱིར་འཐེན་ལ་དགག་བྱ་བྱེད་མཁན་ཡིན་པས། ཕྱིར་འཐེན་གྱི་བརྒྱུད་རིམ་དེ་སྲིད་བློན་གསར་པ་ཞིག་གིས་ལས་ཁུར་བྱེད་དགོས་པར་བརྗོད་ནས་ལས་གནས་ནས་དགོངས་པ་ཞུས་ཏེ། ཕྱིར་འཐེན་ལ་རྒྱབ་སྐྱོར་བྱེད་མཁན་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ཐེ་རི་ས་མཱེ་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་པས། ད་ལྟའི་ཆར་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་གྱི་ལས་འགོ་བརྩམས་རྒྱུ་ཡིན་པ་རེད།
༤) ཨོ་རྩལ་འགྲན་ཚོགས་ཐེངས་༣༡ པ།
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གྱི་ས་གནས་རིའུ་ལ་ཨོ་ལིམ་པིག་རྩེད་འགྲན་ཐེངས་༣༡ པ་དེ་ཟླ་༨ པའི་ཚེས་༥ ཉིན་ནས་ཚེས་༢༢ བར་འཚོགས་ཡོད་པ་དང་། དེ་གར་རྒྱལ་ཁབ་༢༠༦ དང་སྐྱབས་བཅོལ་བའི་རུ་ཁག་གཅིག་བཅས་ནས་རྩེད་འགྲན་པ་༡༡,༥༤༤ མཉམ་ཞུགས་བྱས་ཡོད་པ་རེད། འགྲན་ཚོགས་དེར་ཨ་རི་ལ་ཁྱོན་བསྡོམས་རྟགས་མ་༡༢༡ དང་དབྱིན་ཡུལ་ལ་༦༧། རྒྱ་ནག་ལ་༧༠ བཅས་ཐོབ་ཡོད་པ་རེད། དེ་རྗེས་ཟླ་༩ པའི་ཚེས་༧ ནས་༡༨ བར་གནས་དེར་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་འཚོགས་ཡོད་པ་དང་། རྒྱ་ནག་གིས་རྟགས་མ་མང་ཤོས་བླངས་ཡོད་པ་རེད།།
༥) སྐུ་ཞབས་ཌོ་ནལ་ཊོམ་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ།
ཟླ་༡༡ པའི་ཚེས་༨ ཉིན་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འོས་བསྡུ་བྱས་ཡོད་པ་དང་། ཨ་རིའི་འོས་བསྡུའི་ལྷན་ཚོགས་ཀྱི་འགྲོ་སྟངས་ལ་བསྟུན་ནས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནལ་ཊོམ་གྱིས་རྒྱལ་ཁ་བླངས་ནས། ཨ་རིའི་སྲིད་འཛིན་ཐེངས་༤༥ པ་དེ་ཆགས་ཡོད་ཁར། གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་བ་འོས་ཐོབ་བྱུང་ཡོད་པ་རེད། ཐེངས་འདིའི་འོས་བསྡུའི་ནང་ཨུ་རུ་སུའི་ཨ་རིའི་འོས་བསྡུའི་ནང་ཐེ་ཇུས་བྱས་པའི་གླེང་རྙོག་བྱུང་ཡོད་ཁར། མང་གཙོ་ཚོགས་པའི་གློག་ཀླད་ནང་དུ་དང་ལྕམ་ཧི་ལ་རའི་གློག་འཕྲིན་ནང་འཇབ་རྒོལ་བྱས་ནས། སྲིད་འཛིན་འོས་མི་ལྕམ་ཧི་ལ་རེ་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་དྲ་ཐོག་ཏུ་ཤར་གཏོང་བྱས་ནས། མོ་རང་ནག་པོ་ཆགས་པ་རེད། སྐུ་ཞབས་ཊོམ་གྱི་རྒྱལ་ཁར་མི་མང་སྟོང་ཕྲག་མང་པོས་ཨ་རིའི་ས་གནས་གང་སར་ངོ་རྒོལ་བྱས་ཡོད་པ་དང་། ཁོང་རྒྱལ་ཁ་ཐོབ་པའི་རྗེས་ཨ་རིའི་ནང་མི་རིགས་དབྱེ་འབྱེད་དང་མི་རིགས་དབར་གྱི་འཆམ་མཐུན་གྱི་ཚད་གཞི་སྐྱོ་རུ་ཕྱིན་པས་གནས་ཚུལ་ཐོན་ཡོད་པ་རེད།།
༦) རྒྱ་གར་གྱི་དངུལ་ལོར་གསར་བརྗེ་ཆེན་མོ།
ཟླ་༡༡ པའི་ཚེས་༨ ཉིན་རྒྱ་གར་གྱི་སྲིད་བློན་མོ་ཌིས་རྒྱ་གར་གྱི་ཧིན་སྒོར་༥༠༠ དང་༡༠༠༠ ལོར་ཁྲོམ་རར་གཏོང་ལེན་མེད་པ་བཟོས་པའི་གསལ་བསྒྲགས་བྱས་པ་དང་། དེ་ཡང་དངུལ་བརྗེ་ལེན་དང་ནང་འཇུག་གི་དུས་ཚོད་ཉིན་ལྔ་བཅུ་ཡོད་པ་དང་། དེའི་རིང་དངུལ་ཁང་ནང་དུ་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་མང་བ་བཅུག་ཚེ། ཐོག་མར་དོ་བདག་དེ་དག་གི་ཡོང་འབབ་ཀྱི་རྩིས་ཁྲ་ཐོ་བཀོད་དང་དངུལ་དེ་དག་གྲངས་ཀ་མཐུན་གྱི་ཡོད་མེད་ཞིབ་འཇུག་བྱ་རྒྱུ་དང་། གལ་ཏེ་མ་མཐུན་ཚེ་དེའི་རིགས་དཔྱ་ཁྲལ་གཡོལ་བའི་གནས་ཚུལ་ལ་གཞིར་བཞག་ནས། དཔྱ་ཁྲལ་ག་ཚོད་སྤྲོད་དགོས་པའི་དངུལ་དང་དཔྱ་དངུལ་གྱི་གྲངས་འབོར་དེའི་བརྒྱ་ཆ་༢༠༠ ཡི་ཆད་པ་གཅོད་རྒྱུ་ཡིན་སྐོར་རྒྱ་གར་གཞུང་གི་དཔྱ་ཁྲལ་ལས་ཁུངས་ཀྱི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་སྲིད་བློན་མོ་ཌི་ཡིས་ལས་འགུལ་དེས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དངུལ་རྣམས་རྩ་མེད་བཟོ་ཆེད་དང་། དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད། དེ་ལ་བརྟེན་ནས་དངུལ་ཁང་ནས་དངུལ་འདོན་དང་བརྗེ་ལེན་ཆེད་མི་མང་པོར་དཀའ་ངལ་དང། ཚེ་སྲོག་ཤོར་བ་ཡང་མང་པོ་བྱུང་ཡོད་པ་རེད། དེ་བཞིན་དངུལ་ལོར་གསར་པ་༢
༠༠༠ ལོར་བརྫུན་མ་བཟོ་མཁན་དང་། དངུལ་གསར་རྙིང་ས་ཡ་མང་པོ་བདག་བཟུང་བྱེད་མཁན་མི་སྣ་མང་པོ་ཡང་འཇུ་བཟུང་ཐུབ་ཡོད་པ་རེད།
༧) སྐུ་ཞབས་ཊོམ་དང་ཐའེ་ཝན་སྲིད་འཛིན་གྱི་ཁ་པར་ནང་གི་སྐད་ཆ་དང་རྒྱ་ནག་ཁྲོས་པ།
ཨ་རིའི་སྲིད་འཛིན་འདེམས་ཐོན་པ་སྐུ་ཞབས་ཌོ་ནལ་ཊོམ་དང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིང་ཝེན་གཉིས་ཟླ་༡༢ པའི་ཚེས་༢ ཉིན་ཐད་ཀར་ཁ་པར་བརྒྱུད་སྐད་ཆ་བཤད་ཡོད་པ་དང་། དེ་ལ་རྒྱ་ནག་གིས་རྒྱ་ནག་གཅིག་འགྱུར་གྱི་སྲིད་ཇུས་ལ་བརྩི་སྲུང་དགོས་སྐོར་གྱི་སྐྱོན་བརྗོད་བྱས་པས། ཨ་རིའི་གཞུང་འཛིན་ཨོ་བྷ་མའི་སྲིད་གཞུང་གིས། ཨ་རིའི་ཐའེ་ཝན་ཐོག་འཛིན་པའི་སྲིད་ཇུས་དེ་མུ་མཐུད་འཛིན་བཞིན་ཡོད་པ་ལས་འགྱུར་བ་ཕྱིན་མེད་སྐོར་བརྗོད་ནས། རྒྱ་ནག་ལ་དམ་བཅའ་ནན་བརྗོད་བྱས་ཀྱང་། སྐུ་ཞབས་ཊོམ་གྱིས་ཨ་རིས་རྒྱ་ནག་དང་ཚོང་འབྲེལ་སོགས་ཀྱིས་གྲོས་དོན་གསར་པ་འཇོག་ཐུབ་ན་མ་གཏོགས། རྒྱ་ནག་གཅིག་འགྱུར་གྱི་སྲིད་ཇུས་མུ་མཐུད་ནས་བརྩི་སྲུང་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མེད་སྐོར་བརྗོད་ནས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁོང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཐའེ་ཝན་ནང་གི་མི་མང་དང་རྒྱལ་སྤྱིའི་ཐོག་གནད་དོན་དེར་བསམ་ཚུལ་འདྲ་མིན་བྱུང་གི་ཡོད་པ་དང་། མང་པོ་ཞིག་གིས་སྐུ་ཞབས་ཊོམ་གྱིས་རྒྱ་ནག་དང་ཚོང་འབྲེལ་སོགས་འཇོག་ཆེད་དུ་ཐའེ་ཝན་གནད་དོན་དེ་བེད་སྤྱོད་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
༨) ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་རྙོག་གྲ།
ཟླ་༡༢ པའི་ཚེས་༩ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་སྲིད་འཛིན་ལྕམ་པག་ལ་ནག་ཉེས་འཛུགས་དགོས་པའི་རྒྱབ་སྐྱོར་གྱི་འོས་གྲངས་༢༣༤ བླུགས་འདུག་པ་དང་། དེ་ལ་དགག་པ་བྱེད་མཁན་འོས་གྲངས་༥༦ བླུགས་ནས། མོ་གནས་དབྱུང་གཏོང་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་པས། སྲིད་འཛིན་ལྕམ་པག་གི་དབང་ཆ་དེ་སྲིད་བློན་ཧང་ཀོ་ཨན་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་འདུག
སྲིད་འཛིན་ལྕམ་པག་གིས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་སོགས་རང་ཉིད་ཀྱི་གྲོགས་མོ་ཆའོ་སུན་སིལ་ལ་སྟོན་གྱི་ཡོད་པ་དང་། དེ་བཞིན་གྲོགས་མོ་དེས་སྲིད་འཛིན་དང་འབྲེལ་ཐག་ཉེ་པོ་ཡོད་པ་དེ་བེད་སྤྱད་ནས། ལྷོ་ཀོ་རི་ཡའི་ཚོང་ལས་སྡེ་ཚན་མང་པོ་ཞིག་ནས། རང་ཉིད་ཀྱི་རོགས་ཚོགས་ལ་ཞལ་འདེབས་ཕོན་ཆེན་སྤྲོད་དུ་འཇུག་གི་ཡོད་པ་མ་ཟད། དེ་ལས་དངུལ་མང་པོ་ཞིག་སྒེར་གྱིས་བདག་བཟུང་བྱེད་ཀྱི་ཡོད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་གླེང་རྙོག་བྱུང་ནས། མོ་རང་ལ་ཁྲིམས་ཁང་གིས་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་གཡོ་ཟོལ།་བཙན་སྐུལ་གྱི་ནག་ཉེས་བཙུགས་ཡོད་པ་དང་། ཁྲིམས་དཔོན་གྱིས་སྲིད་འཛིན་ལྕམ་པག་ཀྱང་གནད་དོན་ཁ་ཤས་ནང་མཉམ་ཞུགས་བྱས་པའི་བསམ་ཚུལ་ཡོད་སྐོར་བརྗོད་ཡོད་པ་རེད་འདུག
གནད་དོན་དེ་ལ་བརྟེན་ནས་ལྷོ་ཀོ་རི་ཡའི་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་བྱས་ཏེ། ལྕམ་པག་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།།
༩) འཇིགས་སྐུལ་རིང་ལུགས་ཀྱི་དྲག་རྒོལ།
ཕྱི་ལོ་༢༠༡༦ ལོར་ཡུ་རོབ་ཀྱི་ཧྥ་རན་སི་དང་བྷེལ་རྗམ་སོགས་དང་། ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་། དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་དང་ཏུར་ཀི་གཙོས་པའི་རྒྱལ་ཁབ་ཁག དེ་བཞིན་རྒྱ་གར་སོགས་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་གིས་དྲག་རྒོལ་གྱི་བྱེད་ལུགས་འདྲ་མིན་ཐོག མི་མང་སྟོང་ཕྲག་བརྒལ་བའི་ཚེ་སྲོག་བཅད་ཡོད་པ་རེད། དྲག་རྒོལ་གྱི་གནས་ཚུལ་མང་ཆེ་བ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིའི་ཚོགས་མི་ཡིན་པ་རེད། ད་ལྟའི་ཚོགས་པ་དེར་ཨུ་རུ་སུ་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཀྱིས། དམག་བརྒྱབ་ནས་ཕམ་ཉེས་བྱུང་བཞིན་ཡོད་པ་རེད་དེ།་དེའི་ཚོགས་མི་མང་པོ་ཞིག་འཛམ་གླིང་རྒྱལ་ཁབ་གང་སར་གསང་འཛུལ་བྱས་ནས། དྲག་རྒོལ་བྱེད་ཀྱི་ཡོད་པ་རེད།།
༡༠) སི་རི་ཡའི་དམག་འཁྲུག་དང་ཡུ་རོབ་ཏུ་སྐྱབས་བཅོལ་བའི་དཀའ་ངལ།
སི་རི་ཡའི་དམག་ཁྲུག་དེ་འགྲོ་བཞིན་ཁར་ལུང་པ་དེ་གཙོས་པའི་ཨི་རག་སོགས་དམག་འཁྲུག་འོག་ལ་ཡོད་པའི་ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་ལས། གཙོ་བོ་མཚོ་བརྒྱུད་ནས་ཡུ་རོབ་ཏུ་ཡོང་མཁན་སྐྱབས་བཅོལ་བའི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ བར་ཉུང་མཐར་སྐྱབས་བཅོལ་བ་༤༦༩༠ ཙམ་ཡུ་རོབ་ཏུ་མཚོའི་ནང་དུ་གྲུ་གཟིངས་གནས་སྟངས་སྐྱོ་པོའི་སྟེང་ཡོང་ནས། ཆུར་ནུབ་པ་དང་ན་ཚ་ན་བ་སོགས་ཀྱིས་ཚེ་སྲོག་ཤོར་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༦ ལོར་ཡུ་རོབ་ཏུ་མཚོ་ཐོག་ནས་སྐྱབས་བཅོལ་བ་འབུམ་གསུམ་དང་ཁྲི་བདུན་ཙམ་སླེབས་ཡོད་འདུག གྲངས་འབོར་དེ་ཕྱི་ལོ་༢༠༡༥ ལས་ཉུང་བ་ཡིན་ཡང་། སྐྱབས་བཅོལ་དུ་ཡོང་མཁན་རྒྱུན་ཆད་ཀྱི་མེད་པས། ཡུ་རོབ་ཀྱི་རྒྱལ་ཁབ་ནང་ཁུལ་དུ་སྐྱབས་བཅོལ་བ་དེ་དག་ལ་ཆ་རྐྱེན་བསྐྲུན་ཕྱོགས་ཐད་མི་མཐུན་པའི་རྩོད་རྙོག་མང་པོ་བྱུང་ཡོད་པ་རེད།།
ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་ནང་གི་གསར་འགྱུར་གལ་ཆེན་པོ་བཅུ།