འོས་བསྡུ་ཐེངས་གཅིག་ལས་མི་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༩ ཕྱི་ལོ་ ༢༠༡༧/༣  /༢༢  

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་བཀའ་སྤྱི་གཉིས་དང་འོས་བསྡུའི་འགན་འཛིན་བཅས་ཚུད་པའི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་དང་། བསྐྱར་བཅོས་ཁྲིམས་འཆར་བཅས་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་སླེབས་ཡོད་པ་དང་། ཚོགས་ཆུང་དེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་རང་འཇགས་དགོས་པའི་ཐོག སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་བར་དུས་ཡུན་སྔོན་དང་མི་འདྲ་བར་ཐུང་དུ་གཏོང་དགོས་པའི་ཁྲིམས་འཆར་ཁུར་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་འོས་བསྡུ་ཐེངས་གཅིག་ལས་མི་དགོས་པ་བྱས་ན། འགྲོ་སོང་དང་ལྷག་པར་དུ་དོན་མེད་ཀྱི་རྩོད་རྙོག་ཆུང་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། འདས་པའི་གནས་སྟངས་ལ་བསྐྱར་ཞིབ་བྱས་ན་འོས་བསྡུའི་གྲུབ་འབྲས་ལའང་འགྱུར་བ་ཆེན་པོ་གང་ཡང་མེད་པ་སོགས་ལ་བརྟེན་འོས་བསྡུ་ཐེངས་གཅིག་ལས་མི་དགོས་པའི་སྐོར་གསུངས་ནས་ཁྲིམས་འཆར་དེ་ཚུད་པར་དགག་བྱ་བྱས་སོང་།

དེ་བཞིན་འོས་བསྡུ་ཐེངས་གཅིག་ལས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་དགོས་པ་དེ་བཀའ་ཤག་དང་། འོས་བསྡུ་ལས་ཁང་གཉིས་ཀྱི་དཀའ་རྙོག་དངོས་སུ་འཕྲད་པའི་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་བསམ་ཚུལ་ཡིན་པར་བརྟེན་ད་ལན་གྲོས་ཚོགས་ནང་སླེབས་པའི་ཁྲིམས་འཆར་འདིར་སྔོན་མ་བཞིན་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུ་ཐེངས་གཉིས་བྱེད་དགོས་པ་རང་འཇགས་ཡིན་པས། བཀའ་ཤག་གིས་དེ་ལ་མོས་མཐུན་གཏན་ནས་མེད་པས་ངོ་རྒོལ་གྱི་ཚུལ་དུ་སྲིད་སྐྱོང་དང་བཀའ་བློན་ཡོངས་རྫོགས་གྲོས་ཚོགས་ནས་ཕྱིར་ཐོན་བྱས་ཡོད་པ་རེད། བཀའ་ཤག་གིས་དེ་ལྟར་བྱེད་དགོས་པ་དེ་ཡང་སྤྱི་ཚོགས་ནང་དེའི་ཐོག་དོ་སྣང་ཆེ་ཙམ་སླེབས་ཐུབ་པ་དང་། གྲོས་ཚོགས་ནང་དུའང་རྒྱབ་སྐྱོར་མང་ཙམ་སླེབས་ཐུབ་པའི་ཆེད་དུ་ཡིན་སྲིད་ཀྱང་། ཁྲིམས་སྒྲིག་ཁག་བསྐྱར་བཅོས་བྱེད་པར་མཐའ་མའི་ཐག་གཅོད་སྐབས་སྲིད་སྐྱོང་དང་བཀའ་བློན་རྣམས་ལ་ལག་པ་འགྱོགས་རྒྱུའི་དབང་ཚད་མེད་པ་ཙམ་ལས། ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདོན་རྒྱུའི་དབང་ཚད་ཆ་ཚང་ཡོད་པ་རེད།

དེར་བརྟེན་གྲོས་ཚོགས་ནས་ཕྱིར་ཐོན་བྱས་པ་དེ་ལ་དགོས་པ་རྒྱུ་མཚན་དམིགས་བསལ་མེད་པ་མ་ཟད། གྲོས་ཚོགས་ནང་དུ་བསམ་ཚུལ་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཉུང་དུ་འགྲོ་བར་ཤུགས་རྐྱེན་ཐེབས་ཡོད་སྲིད་པ་རེད། རྩ་བས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་མིན་དེ་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མེད་ན་བཙན་བྱོལ་ནང་སྲིད་དོན་ཚོགས་པ་མེད་པས་དཀའ་ངལ་རང་བཞིན་གྱིས་ཡོད་པ་དང་། དུས་རྒྱུན་སྔོན་འགྲོའི་སྐབས་འོས་འཐོར་ནས་འོས་མི་ཚང་མར་འོས་གྲངས་མང་པོ་ཡོང་གི་མེད་སྟབས། མ་འོངས་པར་འོས་ཤོག་ཐེངས་གཅིག་གིས་ཐག་གཅོད་བྱས་ན་རྒྱབ་སྐྱོར་བྱེད་མཁན་ཉུང་བས་མི་མང་གི་ཚབ་མཚོན་རང་བཞིན་གྱི་ཐོག་ནས་ཀྱང་སྐུ་ཚབ་དག་ལ་སེམས་ཤུགས་དང་དཀའ་ངལ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད་ལ། དེར་བརྟེན་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པ་དེ་ལའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད།

འོན་ཀྱང་འོས་ཤོག་གི་མང་ཉུང་ཙམ་ལས་སྤྱི་འཐུས་སྐབས་བཅོ་ལྔ་པ་དང་། སྐབས་བཅུ་དྲུག་པ་ལྟ་བུར་མཚོན་ན་སྔོན་འགྲོའི་ནང་སླེབས་པའི་མི་དེ་དག་ལ་རེ་ཟུང་ཙམ་ལས་འགྱུར་བ་ཆེན་པོ་གང་ཡང་སོང་མེད་པ་དང་། ལྷག་པར་དུ་འདས་པའི་ལོ་རྒྱུས་ནང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་འོས་བསྡུའི་ཐོག་ནས་སྔོན་འགྲོ་དང་དངོས་གཞིའི་དབར་ད་བར་འགྱུར་བ་གང་ཡང་འགྲོ་མ་མྱོང་བར་སྔོན་འགྲོའི་སྐབས་ཨང་དང་པོ་གང་ཡིན་པ་དེ་དངོས་གཞིའི་སྐབས་སུའང་རང་འཇགས་སླེབས་ཡོད། མ་འོངས་པར་གཏན་ནས་འགྱུར་བ་འགྲོ་མི་སྲིད་པ་མིན་ཡང་། མང་ཆེ་བ་དེ་ལྟར་མུ་མཐུད་འགྲོ་ངེས་པར་ཚོད་དཔག་བྱེད་ཐུབ་པས། སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པས་ཕན་ཐོགས་ཆེན་པོ་གང་ཡང་འགྲོ་གི་མེད་པ་གསལ་པོ་རེད། ད་དུང་སྔོན་འགྲོ་དངོས་གཞི་གཉིས་ཀྱི་བར་དུ་རྩོད་རྙོག་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དང་། ལྷག་པར་དུ་ལོ་སྔོན་མའི་སྐབས་སུ་སྲིད་སྐྱོང་གི་འོས་བསྡུ་ལ་བརྟེན་ནས་མ་འོངས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཤུགས་རྐྱེན་ཧ་ཅང་ངན་པ་ཐེབས་ཡོད།

མདོར་ན་ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་སྐྱབས་བཅོལ་བའི་གནས་བབས་ཤིག་དང་། འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཆུང་ངུ་འདི་ཉིད་འཐོར་ཞིག་ཏུ་མི་འགྲོ་བ་དེ་ཉིད་གལ་ཆེ་ཤོས་སུ་གྱུར་ཡོད་སྟབས། ནམ་རིང་ན་རྨི་ལམ་མང་བའི་དཔེ་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་དགེ་མཚན་དང་བསྡུར་ན། འོས་བསྡུ་ཐེངས་གཅིག་གིས་ཐག་གཅོད་ཐུབ་པ་ཞིག་བྱེད་ཐུབ་ན་བཙན་བྱོལ་བོད་མིའི་གཅིག་སྒྲིལ་གྱི་གནས་བབས་འཐབ་རྩོད་ཀྱི་དགོས་མཁོ་གང་ཐད་ནས་ཕན་ཐོགས་རྒྱ་མི་ཆུང་བ་ཞིག་ཡོད་པ་ནི། བྱུང་ཟིན་པའི་འོས་བསྡུ་ཆེན་མོའི་གནས་སྟངས་ལ་ཕྱི་མིག་བལྟས་ན་ཤེས་ཐུབ་པ་ཞིག་ཏུ་གྱུར་ཡོད་པས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་བྱེད་སྟངས་ལ་འགྱུར་བ་བཏང་ནས་ཐེངས་གཅིག་གིས་ཐག་གཅོད་པའི་བསྒྱུར་བཅོས་བྱེད་དགོས་པ་དེ་དུས་ལ་བབ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དང་གྲུབ་ཆ་གང་ཐད་ནས་བསམ་ཡང་འདས་མ་ཐག་པའི་འོས་བསྡུ་ཆེན་མོ་ལྟ་བུའི་བརྡབ་གསིག་མང་པོ་མུ་མཐུད་མི་ཐེག་པར་ཁ་འཐོར་དུ་འགྱུར་སྲིད་པ་རེད།།